ལུས་ལ་ནད་མེད་ཀྱང་སེམས་ལ་ན་ཟུག་ཆེན་པོ་གཏོང་གི་འདུག
དེ་ནི་མངོན་སུམ་ཡིན་ནམ་རྨི་ལམ་ཡིན། མངོན་སུམ་ནི་ག་ལ་ཡིན། རྨི་ལམ་ནང་ལའང་འཁོར་མི་སྲིད་པ་ཞིག་རེད། དཔལ་བཀའ་བརྒྱུད་པའི་ཆོས་བརྒྱུད་ནང་མཁས་གྲུབ་གཉིས་ལྡན་དང་ཤེས་འཇོན་གཉིས་ལྡན་གྱི་སྐྱེས་བུ་གྲངས་ལས་འདས་པ་ཡོད་བཞིན་དུ་ཀརྨ་ཆོས་འཕེལ་ལྟ་བུའི་མི་སྣ་དཔལ་བཀའ་བརྒྱུད་པའི་ཆོས་བརྒྱུད་ཀྱི་སྐུ་ཚབ་ཏུ་འོས་འདེམས་གནང་བ་ནི་འོས་ཤིང་འཚམས་པ་ཞིག་གཏན་ནས་མིན། གང་ལགས་ཤེ་ན་དབུས་གཙང་ཆོལ་ཁའི་མི་མང་རྣམས་ནས་ཡིད་ཆེས་དང་རེ་བཅོལ་ཐོག་ལོ་ངོ་ཉི་ཤུའི་རིང་༸གོང་ས་མཆོག་གི་དབུ་འཁྲིད་པའི་བཙན་བྱོལ་བོད་གཞུང་མང་གཉིས་ལ་གཟེངས་སུ་ཐོན་པའི་ཕྱག་ལས་ཤིག་གནང་རྒྱུའི་རེ་བ་བཅོལ་ཡང། རེ་བ་ཙམ་མ་བྱས་པར་བརྟེན་དབུས་གཙང་ཆོལ་ཁའི་མི་མང་ཡོངས་ནས་མ་བསྐུལ་དང་བླངས་ཀྱིས་སྐབས་བཅོ་ལྔ་པའི་དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཀྱི་འོས་དམིགས་ནས་ཕྱིར་འདོན་བྱས་ཡོད། དེར་བརྟེན་དཔལ་བཀའ་བརྒྱུད་པའི་ཆོས་བརྒྱུད་འཛིན་པའི་འགན་འཁུར་བཞེས་མཁན་མཁྱེན་དཔྱོད་ནམ་མཁའ་ལས་ཡངས་ཤིང་ལྷག་བསམ་ཟླ་བ་ལས་དཀར་བ། སྙིང་སྟོབས་རི་རྒྱལ་ལས་བརྟན་པ་ཀུན་གྱི་ཐུགས་གཞིགས་ལེགས་པོ་གནང་བའི་སྙིང་ཐག་པ་ནས་རེ་བ་ལན་བརྒྱར་ཞུ་རྒྱུ་ཡིན། དེ་ལྟར་དགོངས་བཞེས་མ་གནང་ཚེ་ལོ་ངོ་ལྔའི་རིང་བློ་འགྱོད་སྐྱེ་དགོས་པ་ཞིག་ཡོང་རྒྱུ་ནི་མངོན་སུམ་དུ་གྲུབ། མ་ཟད་མ་འོངས་པར་བཙན་བྱོལ་བོད་མི་རྣམས་ཀྱང་ཆོས་བརྒྱུད་སོ་སོའི་ནང་དེབ་སྐྱེལ་བྱེད་དགོས་ངེས་ཡིན་པར་མངོན། གུས་པར་རྗེས་མར་འགྱོད་མི་དགོས་པ་ཞིག་ཡོང་བའི་རེ་བ་ལས་ཆབ་སྲིད་ཀྱི་དབང་ཚད་དང་ནུས་པ་གང་ཡང་མེད། ཡིན་ནའང་རང་ཉིད་བོད་མི་ཞིག་ཡིན་པ་དང་བཙན་བྱོལ་བ་ཞིག་ཡིན་པར་བརྟེན། ༸གོང་ས་མཆོག་གི་དགུང་ནའི་བབ་དང། ད་ལྟའི་བོད་མི་རིགས་ཀྱི་གནས་བབ་སོགས་ལ་བསམ་བློ་བཏང་ན་“ལུས་ལ་ནད་མེད་ཀྱང་སེམས་ལ་ན་ཟུག་ཆེན་པོ་གཏོང་གི་འདུག་”པས་བསམ་ཞིང་བསམ་ཞིང་སྨྱུག་རྩེ་ཤོག་བུའི་སྟེང་དུ་ཤོར་བ་བཅས།།