དུས་རབས་གཅིག་གི་ས་མཚམས་རྩོད་རྙོག་གཙང་སེལ།

ཟླ་འདིའི་ཚེས་༡༢ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། གནས་ཚུལ་དེ་འབྱུང་སྟངས། རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཏཱ་ཇིག་སི་ཐན་དང་རྒྱ་ནག་གཉིས་དབར་དུས་རབས་གཅིག་ཙམ་སོང་ཡོད་པའི་ས་མཚམས་ཀྱི་རྩོད་རྙོག་དེ། ཕྱོགས་གཉིས་ཀྱི་གྲོས་མོལ་གྱི་ཐོག་ནས་འགྲིེག་འཇགས་བྱུང་ཡོད་པ་དང། དེ་ཡང་ཏཱ་ཇིག་སི་ཐན་གྱི་པཱ་མིར་ཞེས་པའི་ས་ཁུལ་གྱི་ཁོངས་གཏོགས་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༢༨༥༠༠ ཙམ་ལ། རྒྱ་ནག་གིས་བདག་དབང་ཡོད་ཚུལ་བརྗོད་ནས་རྩོད་རྙོག་ཅིག་ཆགས་ཡོད་པ་དང། ཉེ་དུས་ཏཱ་ཇིག་སི་ཐན་གྱི་གྲོས་ཚོགས་འོག་མས་གཏན་འབེབས་ལྟར། རྒྱ་ནག་ལ་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༡༠༠༠ སྤྲད་ནས། རྒྱལ་ཁབ་ཕྱོགས་གཉིས་ཀྱི་ས་མཚམས་རྩོད་རྙོག་གཙང་སེལ་ཐུབ་ཡོད་པ་རེད།

ཏཱ་ཇིག་སི་ཐན་རྒྱལ་ཁབ་ནི་ཨེ་ཤ་ཡའི་ཁ་ཆེའི་རྒྱལ་ཁབ་ཤིག་ཡིན་པ་དང། སྔོན་དུས་ཨུ་རུ་སུའི་དམར་གཞུང་འོག་ཏུ་ཚུད་ནས། དཔལ་འབྱོར་སོགས་ཡར་རྒྱས་དེ་ཙམ་སོང་མེད་པས། རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་དང་དངུལ་བུན་གཡར་བ་སོགས་ཀྱིས་མཚོན་འབྲེལ་བ་ཆེན་པོ་ཡོད་པ་དང། ཡུལ་དེའི་ཕྱི་སྲིད་བློན་ཆེན་གྱིས། ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༡༠༠༠ ཙམ་རྒྱ་ནག་ལ་སྤྲོད་རྒྱུ་ཡིན་པ་དེ་ནི། རྒྱ་ནག་གཞུང་ཕྱོགས་ནས་རྩོད་བཞིན་པའི་བརྒྱ་ཆ་༥ ཙམ་ཆགས་ཀྱི་ཡོད་པ་དང། གནད་དོན་འདིའི་ཐོག་ནས་ཕན་ཚུན་གཉིས་ཀའི་རྩོད་རྙོག་གཙང་སེལ་ཐུབ་པ་དེ། ཏཱ་ཇིག་སི་ཐན་འདི་ཉིད་ཕྱི་འབྲེལ་གྱི་གནས་བབ་ཐོག་སྲ་བརྟན་ཅན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཆགས་ཡོད་པས་རེད་ཅེས་གསུངས་ཡོད་པ་རེད།

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལི་ཞེས་པས། རྒྱལ་ཁབ་ཕྱོགས་གཉིས་ཀྱི་ས་མཚམས་རྩོད་རྙོག་དེ། རྒྱལ་སྤྱིའི་ཁྲིམས་སྒྲིག་གཞིར་བཞག་གི་ཐོག་ནས་ཕན་ཚུར་གྲོས་མོལ་གྱིས་ཐག་བཅད་པ་ཞིག་ཡིན་ཞེས་བརྗོད་ཡོད་པ་རེད། ད་ལྟའི་སྐབས་རྒྱ་ནག་གཞུང་གིས་རྒྱ་གར་དང་ཨུ་རུ་སུ། བྱང་ཀོ་རི་ཡ། འབར་མ་བཅས་ཀྱི་ས་ཁུལ་ཁག་ཏུ་བཙན་འཛུལ་གྱིས། ཡུལ་དེ་དང་དེའི་ས་ཁྱོན་མང་པོ་ཞིག་རྒྱ་ནག་ལ་བདག་དབང་ཡོད་ཚུལ་བརྗོད་ནས། རྒྱལ་བསྐྱེད་རིང་ལུགས་ཀྱི་བྱ་སྤྱོད་མང་པོ་ཞིག་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པ་རེད།།