རང་གིས་རང་ལ་མགོ་སྐོར་བཏང་ནས་ཡོད།

ཡིན་ནའང་། དོན་དངོས་ཐོག་གནས་ཚུལ་འདི་དག་ནི་འཁྲབ་སྟོད་བྱས་པ་ཙམ་ལས་ཁ་ཞེ་གཉིས་མེད་ཀྱིས་གནས་ཚུལ་ཞིག་ཡིན་ནམ་སྙམ་པའི་དོགས་པ་སྐྱེས་དགོས་པར་གྱུར། གང་གིས་ཟེར་ན། བཙན་བྱོལ་བོད་ཀྱི་སློབ་མ་སུ་ཞིག་གིས་བོད་ཀྱི་སྤྱི་ཚོགས་ནང་བྱ་འགུལ་གང་ཞིག་སྤེལ་བ་ཡིན་ན་དབྱིན་ཡིག་གཙོ་བོར་བརྟེན་རྒྱུ་དང་། དབྱིན་སྐད་ངོམ་སོ་བྱེད་པར་བརྩོན་པ་ལས། བོད་ཡིག་སྤྱོད་རྒྱུ་དང་བོད་སྐད་རྒྱག་རྒྱུར་ཧ་ཅང་མཐོང་ཆུང་བྱེད་ཀྱི་ཡོད་པ་ལྟར་འདུག འདི་ནས་གནས་ཚུལ་དེའི་སྐོར་དཔེ་མཚོན་སྣ་གཅིག་བཤད་པ་ཡིན་ན། དེ་རང་ང་སྦེལ་ཀོབ་གཞིས་གྲོང་དང་པོར་བྷེང་ལོར་མཐོ་སློབ་ཁག་ནས་ཡིན་པའི་སློབ་མ། ན་གཞོན་དང་བླང་མཐུན་ཚོགས་ཀྱི་ཚོགས་མི་གསུམ་གྱིས་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་བྱས་རྗེས་ཁྱབ་བསྒྲགས་ཀྱི་ལས་འགུལ་ཞིག་སྤེལ་ཀྱི་ཡོད་སར་ཕྱིན་པ་ཡིན། སྐབས་དེར་སྤྱི་ཁང་དུ་རྒན་རྒོན་ཁག་ཅིག་འབྱོར་ཡོད་པའི་དབུས་སུ་ཁོང་ཚོས་གཏམ་བཤད་བྱེད་བཞིན་པའི་བོད་སྐད་ནི་ཁ་ལ་མ་བྱང་བའམ། བཤད་མ་བདེ་བར་འགག་པ་དང་ཆད་པ་སོགས་བྱེད་པས་མ་ཚད། བོད་སྐད་ཀྱི་ཚིག་གནད་མང་པོ་ཞིག་བསྐྱར་བརྗོད་ཡང་བརྗོད་རེ་བྱས་རྗེས་དབྱིན་ཚིག་གིས་འགྲེལ་བརྗོད་སྐྱེན་པོ་རེ་བྱེད་ཀྱི་འདུག དེ་བཞིན་གཏམ་བཤད་གཞི་འཛིན་གྱི་གློག་བརྙན་ནང་དུའང་དབྱིན་ཡིག་ཁོ་ན་བེད་སྤྱོད་བྱས་འདུག དོན་ངོ་མར་བཤད་ན་བྱ་འགུལ་འདི་ནི་བོད་ཀྱི་བཀའ་ཁྲིའི་སྐོར་ཀྱི་ཁྱབ་བསྒྲགས་ཤིག་ཡིན་པ་དང་། དེ་ཡང་བོད་མི་རྣམས་ལ་དམིགས་པའི་ཁྱབ་བསྒྲགས་ཤིག་རེད་ལ། བོད་དོན་འཐབ་རྩོད་དང་འབྲེལ་བའི་བྱ་འགུལ་ཞིག་ཀྱང་རེད། གནས་ཚུལ་འདི་ལྟ་བུའི་ནང་དུའང་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་རྒྱུད་འབད་བརྩོན་མི་བྱེད་པ་དེ་ནི། དོན་ལ་རང་ཉིད་ཀྱི་རྒྱུད་ལ་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་དང་ཆ་འཇོག་གཏན་ནས་མེད་པའི་མངོན་རྟགས་ཤིག་མ་རེད་དམ། ངས་ཁོང་ཚོའི་འཐུས་མི་འགན་ཁུར་པ་ཞིག་ལ་ཁྱེད་རང་ཚོས་བོད་ཡིག་ལས་དབྱིན་ཡིག་གཙོ་བོ་བྱས་པ་དེ། བོད་ཀྱི་སྐད་ཡིག་གིས་བརྗོད་བྱ་སྟོན་པའི་ནུས་པ་མེད་པ་རེད་དམ། ཡང་ཁྱེད་ཚོར་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་རྒྱུའི་ནུས་པ་མེད་པ་རེད། དེ་མིན་ན་དགོས་དམིགས་གཞན་ཞིག་ཡོད་པས་རེད་ཅེས་དྲིས་པ་ཡིན། ཁོང་མོས་བཤད་ན། ཁོང་ཚོས་ལས་འགུལ་འདིའི་སྐབས་སུ་སྤྱོད་པའི་གཏམ་བཤད་གཞི་འཛིན་རྒྱུ་ཆ་ཚང་མ་དབྱིན་ཡིག་ཐོག་གི་དྲ་རྒྱ་ནས་བླང་པ་དང་། བོད་སྐད་ཐོག་སྒྱུར་རྒྱུའི་དུས་ཚོད་མ་བྱུང་ལ། ང་ཚོའི་རོགས་པ་མང་པོ་ཞིག་རྒྱ་གར་ནས་འཚར་བ་ཡིན་ཚང་བོད་ཀྱི་སྐད་ཡིག་སྐྱོ་བོ་རེད་ཅེས་བརྗོད་སོང་ལ། ད་དུང་ foundation་ལྟ་བུའི་མིང་ཚིག་འདི་ཚོའི་ནང་དོན་བོད་སྐད་དང་བོད་ཡིག་ནང་བོད་པ་མང་པོས་ཤེས་ཀྱི་མ་རེད་ཟེར། (ཁོང་མོས་དབྱིན་བོད་བསྲེས་ནས་བཤད།) གང་ལྟར་ང་ཚོ་མཐོ་འགོ་ཁྲིད་རྣམས་པ་ནས་མི་མང་དཀྱིས་མ་ཡན་ཀྱི་མཁས་པ་དང་སློབ་མ། ཚོང་པ་སོགས་སུ་ཡིན་ནའང་སྐད་ཡིག་གི་གནད་དོན་ཐོག་ཐམས་ཅད་ཀྱིས་འདི་ལྟར་ཁག་དཀྲི་ཁོ་ན་བྱས་ནས་བསྡོད་པ་ལས། སློབ་སྦྱོང་དང་ཐབས་ཤེས་བྱེད་མཁན་ནི་ཉིན་སྐར་ཀྱི་ཟླ་རུ་གྱུར་ཡོད་པ་རེད། ཉེ་ཆར་བཀའ་བློན་ཁྲི་པ་མཆོག་གིས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐོག” སྤྱིར་བོད་ནང་རྒྱ་མིའི་བཙན་གནོན་འོག་ནས་བོད་ཀྱི་སྐད་ཡིག་ཉམས་ཆག་འགྲོ་ཡི་ཡོད་རེད། བཙན་བྱོལ་ནང་རང་རང་གི་འདོད་པའི་ཐོག་ནས་བོད་ཀྱི་སྐད་ཡིག་ཉམས་ཆག་འགྲོ་ཡི་ཡོད་པས་ཉམས་ཆག་འགྲོ་བ་གཅིག་པ་རེད། གཅིག་བྱས་ན་བོད་ནང་ལས་སྡུག་པ་བཙན་བྱོལ་ནང་ཉམས་ཆག་ཆེ་བ་སོང་ཡོད་པ་རེད། ཉམས་ཆག་དེ་སུ་དང་གང་གིས་བཙན་དབང་བཏང་ནས་སོང་བ་མ་རེད་དེ། སོ་སོའི་དགོས་པ་རྒྱུ་མཚན་ལ་བརྟེན་ནས་རང་འདོད་ཀྱི་ཐོག་ནས་ཉམས་ཆག་བཏང་བ་ཞིག་ཡིན་པས། བཙན་བྱོལ་ལ་ཡོད་པའི་བོད་མི་ཚོས་རྒྱ་མིས་བོད་ཀྱི་སྐད་ཡིག་ཉམས་ཆག་གཏོང་རྒྱུའི་སྲིད་ཇུས་དེ་ལ་ངོ་རྒོལ་བྱས་པ་ཡིན་ནའང། ངོ་རྒོལ་བྱེད་རྒྱུའི་བཟང་སྤྱོད་ཀྱི་ཐོབ་ཐང་ཡོད་མ་རེད་བསམ་གྱི་ཡོད།”ཅེས་གསུང་པ་ལྟར། ད་ནི་ང་ཚོར་རྒྱ་མིའི་སྐད་ཡིག་ཉམས་ཆག་བཏང་བར་སྐྱོན་བརྗོད་བྱེདཔའི་ཐོབ་ཐང་མེད་པས་མ་ཚད། ཐན་ང་ཚོས་བཙན་བྱོལ་དུ་སྐད་ཡིག་རིག་གཞུང་རྒྱུད་འཛིན་དང་དར་སྤེལ་གཏོང་པའི་བསྒྲགས་གཏམ་སྤེལ་རྒྱུར་ཡང་ཐོབ་ཐང་མེད་པ་མ་རེད་དམ། ཡང་མིན་ན་རང་གིས་རང་ཉིད་མགོ་སྐོར་བཏང་ནས་སྡོད་རྒྱུ་རེད།