མང་གཙོ་ཆ་ཚང་བ་ཞིག་ཡོང་ན་བསམས་པ་རེད།

ཡང་ང་རྒན་ཡོལ་ཟེར་བ་དེ་བོད་སྤྱི་པའི་དོན་དག་ལ་རེ་བ་དང་བྲལ་ནས་སེམས་ཤུགས་ཆགས་པ་ལྟ་བུ་དང༌། བོད་བསྟན་སྲིད་ཀྱི་དོན་དག་ངའི་གློད་བཏང་བ་ལྟ་བུ་རྩ་བ་ཉིད་ནས་མ་རེད། དེར་ཁྱེད་རང་ཚོས་བློ་བདེ་གྱིས། ང་གངས་ཅན་པའི་མི་ཞིག་ཆགས་བསྡད་ཡོད་རེད། གངས་ཅན་པ་སྐྱེ་བོ་གནམ་བསྟན་ཡོངས་རྫོགས་ལ་བོད་སྤྱི་པའི་འགན་འཁུར་མ་ཤི་བར་ཡོད་པ་རེད་ལ་ང་ཡང་གངས་ཅན་པ་གཅིག་ཡིན་པས། བོད་སྤྱི་པའི་འགན་འཁུར་ལོས་ཡོད། ལྷག་པར་དུ་ང་ལ་ཡང་གཞིས་བྱེས་བོད་མི་བརྒྱ་ཆ་དགུ་གོ་དགུ་མིན་ནའང་བརྒྱ་ཆ་དགུ་བཅུ་གོ་གྲངས་ཤིག་གི་ང་ལ་ཕལ་ཆེར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། བོད་ནང་ལ་ཆ་བཞག་ན་མང་པོ་གཅིག་གིས་ཆོས་ལ་དད་པ་ཡོད་མེད་གང་ཡིན་རུང༌། མི་རིགས་ཀྱི་ཞེན་ཁོག་བྱས་བསྡད་ནས་ང་ལ་དགའ་པོ་དང་མོས་པ་བྱེད་སྡོད་ཀྱི་འདུག ཇི་སྲིད་མང་ཚོགས་ཀྱིས་ང་ལ་ཡིད་ཆེས་དང་རེ་བ་བརྟན་ཏེ་གནས་ནས་ཡོད་བསྡད་པའི་རིང་ལ་དེ་ལས་རྒྱུ་འབྲས་དང་ཡ་རབས་ལ་བསམ་བློ་བཏང་བ་ཡིན་ན་དེ་ངས་འགན་འཁུར་དགོས་པ་རེད། དེ་ངེས་པར་དུ་བོད་བསྟན་སྲིད་ཀྱི་དོན་དག་འགན་ལེན་གྱི་རེད་ལ། གནས་ཚུལ་གལ་ཆེ་བ་དེ་ཚོར་བསམ་བློ་གཏོང་དགོས་པ་རེད། གཞི་རྩའི་གནས་ཚུལ་གསལ་པོ་ཕལ་ཆེར་ཕྱི་ཟླ་གསུམ་པའི་ནང་ལ་ང་ཚོ་གྲོས་ཚོགས་འཚོག་གི་ཡོད་པ་རེད། དེའི་སྐབས་ལ་ངས་མར་ཡིག་ཆའི་ཐོག་ནས་གསལ་པོ་ཞིག་ཞུ་རྩིས་ཡོད། ངའི་ལས་འགུལ་བྱས་བསྡད་པ་དེ་སྒོ་མཐའ་དག་ནས་མང་གཙོ་ཆ་ཚང་བ་ཞིག་ཡོང་ན་བསམས་པའི་བསམ་ཚུལ་དེ་རེད་ཅེས་གསུངས་སོང་། ཐེངས་འདིར་ཝ་ར་ཎ་སའི་གསུང་ཆོས་ཡོངས་སུ་མཇུག་རྫོགས་པ་དང་ཉིན་མཐའ་མའི་ཐོག་༧གོང་ས་མཆོག་སྐུ་ཚེ་ཡུན་ཏུ་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།།

ཝ་ཎ་ས་གནས་གསར་འགོད་པ་བཅོ་ལྔ་ཚེ་རིང་གིས།

{jcomments on}