གྲྭ་བློ་བཟང་དཔལ་ལྡན་རང་ཤི་རྒྱག་དགོས་བྱུང་བ།
གྲྭ་བློ་བཟང་དཔལ་ལྡན་ནི། རང་ལོ་༤༨ ཡིན་ཞིང། དུས་རྒྱུན་དྲེལ་མདའ་དགོན་པའི་ནང་གི་གནད་ཡོད་མི་སྣ་ཞིག་ཡིན་པ་དང་། དྲེལ་མདའ་དགོན་གསར་བཞེངས་སྐབས་སུ་དམིགས་བསལ་འགན་ཁུར་ནས་སྐུ་ངལ་ཆེནཔོ་བསྐྱོན་པ་མ་ཟད། སྡེ་དགོན་གཉིས་ལ་ཕན་ཐོགས་ཡོད་པའི་ཕྱག་ལས་མང་པོ་གནང་མྱོང་ཡོད་མཁན་ཞིག་ཡིན་འདུག ཕྱི་ལོ་༢༠༠༧ ལོར་རྒྱ་གར་དུ་གནས་སྐོར་ལ་ཡོང་ནས་ཕྱིར་ཕ་ཡུལ་དུ་ཕེབས་རྗེས། རྒྱ་གཞུང་གིས་རྒྱ་གར་དུ་སོང་བ་ཤེས་རྟོགས་བྱུང་ནས་ཆོས་སྟོན་ལས་ཁུངས་ཞེས་པས་དགོན་པའི་ནང་དུ་སྡོད་མི་ཆོག་སྐོར་བཤད་ནས་ཕྱིར་ཕུད་གཏོང་གྲབས་བྱས་པ་སོགས་ཀྱི་དམ་དྲག་དང་གནོན་བཙིར་བྱས་པའི་རྐྱེན་གྱིས། ཕྱི་ལོ་༢༠༡༠ ལོའི་ཟླ་༡༡ ཚེས་༡༥ ཉིན་གནམ་བཏགས་བརྒྱབ་ནས་རང་ཤི་རྒྱག་དགོས་བྱུང་ཡོད་པ་རེད།
དེ་བཞིན་ཕ་ཡུལ་སོག་རྫོང་ཁྲི་རྡོ་ཤང་ནས་ཡིན་པ་ཕྱི་ལོ་༢༠༠༩ ལོའི་ཟླ་༡༠ ཚེས་༡ སྟེ་རྒྱ་ནག་རྒྱལ་སྟོན་དུས་ཆེན་ཉིན་ལྷ་ས་ནས་ཕྱི་ཕྱོགས་ཀྱི་དྲ་བ་བལྟ་ཀློག་བྱས་པ་དང། ཕྱི་ཕྱོགས་ཀྱི་མི་སྣར་འབྲེལ་བ་བྱས་པའི་ཉེས་མིང་བཏགས་ནས་འཛིན་བཟུང་བྱས་པའི་མི་སྐྱ་སྐལ་བཟང་ནོར་ལྡན་(དེ་སྔོན་བརྒྱུད་ལམ་ཁག་ཏུ་ཐུབ་བསྟན་ཞེས་མིང་འགོད་ནོར་ཤོར་འདུག) ད་ལྟ་རང་ལོ་༢༣ སོན་པ། (འཛིན་བཟུང་བྱས་སྐབས་ལོ་༢༡ རེད་འདུག)ལོ་གཅིག་དང་ཟླ་གཉིས་ལྷག་རྗེས་སུ་གཞི་ནས། ལོ་གཉིས་ཀྱི་ཁྲིམས་ཐག་བཅད་ནས་ནག་ཆུའི་བཙོན་ཁང་ཆེན་མོ་ཞིག་གི་ནང་དུ་མནར་གཅོད་མྱོང་བཞིན་ཡོད་འདུག ཁོང་འཛིན་བཟུང་བྱས་སྐབས་ཕ་ཡུལ་དང་མིང་གསལ་པོ་ཤེས་རྟོགས་མ་བྱུང་བའི་མི་སྣ་ཁག་ཅིག་མཉམ་དུ་འཛིན་བཟུང་བྱས་སྐོར་གྱི་གནས་ཚུལ་ཡང་ཡོད་པ་རེད།
སྤྱིར་ཁྲི་རྡོ་ཤང་ནི་ས་ཆ་ཁུག་ཀྱོག་ཡིན་པ་དང་། ནམ་རྒྱུན་རྒྱ་གཞུང་གིས་འཛུགས་བསྐྲུན་བྱས་ཡོད་སྐོར་གྱི་གསར་འགྱུར་མིག་ལ་མཛེས་པོ་དེ་འདྲ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་ཀྱང་། ཁྲི་རྡོ་ཤང་ལ་མཚོན་ན་གཞུང་ལམ་དང་གློག དེ་བཞིན་མི་མང་ལ་ན་ཚ་བྱུང་སྐབས་སྨན་ཁང་དང་སྨན་པའི་མཐུན་རྐྱེན་ཧ་ཅང་ཞན་པོ་ཡོད་པ་རེད་འདུག །
{jcomments on}