བལ་ཡུལ་དུ་རྒྱལ་ཚོགས་ཀྱི་ལས་ཁུངས་སྒོ་བརྒྱབ་པ།
ལོ་ངོ་བཞི་ལྷག་གི་གོང་ལ་བལ་ཡུལ་གཞུང་གིས་འབོད་སྐུལ་བྱས་པ་ལྟར་ཆེད་དུ་བཙུགས་པའི་བལ་ཡུལ་ནང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཞི་འགྲིག་ལས་ཁུངས་ཞེས་པ་ཟླ་འདིའི་ཚེས་༡༥ ཉིན་དངོས་སུ་སྒོ་བརྒྱབ་ནས་ལས་དོན་ཁག་ཕྱིར་བསྡུ་བྱས་ཡོད་པ་དང་། ད་ཆ་བལ་ཡུལ་རྒྱལ་ཁང་ནས་ཐག་གཅོད་བྱེད་མ་ཐུབ་པའི་ཆབ་སྲིད་ཀྱི་དཀའ་ངལ་རྩོད་རྙོག་ཁག་བར་འདུམ་ཞི་འགྲིག་བྱེད་མཁན་གཙོ་བོ་དེ་མེད་པར་ཆགས་ཡོད། འོན་ཀྱང་སྐབས་ཐོག་གནས་སྟངས་འོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཞི་འགྲིག་ལས་བྱེད་མི་སྣའི་མདུན་དུ་བལ་ཡུལ་གཞུང་དང་། དམར་ཕྱོགས་མའོ་ཚོགས་པའི་གཙོས་ཕྱོགས་ཚང་མའི་འཐུས་ཚབ་ཡོད་པའི་མི་གྲངས་དྲུག་ཅུ་ལྷག་ཅན་གྱི་དམིགས་བསལ་ཞི་འགྲིག་ཚོགས་ཆུང་ཞིག་གསར་དུ་བཙུགས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཞི་འགྲིག་ལས་ཁུངས་ཀྱི་ལས་དོན་ཁག་རྩིས་སྤྲོད་ཀྱིས་གཅིག་མཚུངས་འགན་ལེན་འོག་སྒྲུབ་རྒྱུ་བྱས་ཡོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ནས་ཀྱང་སྤྱིར་བཏང་ད་ལྟའི་ཆར་དུས་ཚོད་ཡག་པོ་ཞིག་མིན་ཀྱང་བལ་ཡུལ་རྒྱལ་ཁབ་ཀྱི་ཆབ་སྲིད་ཚོགས་པ་ཁག་གི་འགོ་ཁྲིད་བར་མུ་མཐུད་ཕན་ཚུན་མ་མཐུན་པའི་གནས་སྟངས་ཁྲོད། ད་བར་ཐེངས་ཁ་ཤས་ལ་དུས་ཡུན་འཕར་འགྱངས་བྱས་ཀྱང་མུ་མཐུད་རྒྱལ་ནང་གི་ཆབ་སྲིད་དཀའ་རྙོག་སེལ་རྒྱུའི་ཁ་ཕྱོགས་རྙེད་མ་བྱུང་བས། ང་ཚོའི་ལས་ཁུངས་མུ་མཐུད་བལ་ཡུལ་དུ་གནས་རྒྱུར་དགོས་པ་མ་མཐོང་སྐོར་གསུངས་ཡོད་པ་རེད། འོན་ཀྱང་རྒྱལ་ཁབ་སྲ་བརྟན་ཞི་འགྲིག་ཆེད་སྲིད་དོན་ཚོགས་པ་ཆེ་ཁག་གི་གཙོས་ཚང་མས་ལྷག་བསམ་རྣམ་དག་གིས་ཕན་ཚུན་ཞི་འགྲིག་གི་གཞུང་འཛིན་འགན་ཁུར་མཉམ་ལེན་བྱེད་རྒྱུ་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་བཟོ་ལེགས་འགྲུབ་ཆེད་འབད་པ་བྱས་ན་རྒྱལ་ཚོགས་ཀྱི་ངོས་ནས་བལ་ཡུལ་གྱི་ཞི་འགྲིག་ལས་དོན་འགྲུབ་ཕྱོགས་ཐད་མུ་མཐུད་ཕྱོགས་གང་ཐད་ནས་དགོས་ངེས་མཐུན་འགྱུར་རོགས་རམ་གནང་རྒྱུ་ཡིན་པ་བཤད་ཡོད་པ་རེད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཞི་འགྲིག་ལས་ཁུངས་ཟེར་བ་བལ་ཡུལ་གཞུང་གིས་རེ་སྐུལ་གནང་བ་ལྟར་ཕྱི་ལོ་༢༠༠༧ ལོའི་ལོ་འགོར་བཙུགས་ནས་ད་བར་བལ་ཡུལ་དུ་གནས་རྒྱུར་ཐེངས་དྲུག་ཙམ་ལ་དུས་འགྱངས་བྱེད་མྱོང་བ་དང་། དེའི་རིང་རྒྱལ་ནང་གི་གཞུང་དམག་དང་མའོ་ཚོགས་པའི་དམག་མི་ཁོང་ཚོའི་ཕྱོགས་གཉིས་ཀྱི་གོ་མཚོན་ལ་བལྟ་སྲུང་སྟངས་འཛིན་དང་། མཐའ་མཚམས་སྡོད་སྒར་ཁག་ལ་ཡོད་པའི་མའོ་ཚོགས་པའི་དམག་མི་ཁྲི་གཉིས་མ་ཟིན་ཙམ་ཡོད་པ་ཚོའི་མདུན་ལམ་དང་འབྲེལ་བའི་གནད་དོན་ཐག་གཅོད། རྩ་ཁྲིམས་གསར་བཟོ། གཞུང་འཛིན་སྲ་བརྟན། རྒྱལ་ཡོངས་འོས་བསྡུ་སོགས་ཡོང་ཐབས་ལ་འབད་བརྩོན་དང་ལས་དོན་སྤེལ་གང་ཐུབ་སྤེལ་ཡོད་ཀྱང་ལམ་ལྷོང་བྱུང་མེད་པ་རེད།།
བལ་ཡུལ་ས་གནས་གསར་འགོད་པས།
{jcomments on}