བོད་ནས་ཆོས་ཞུ་བ་ཚོར་༧གོང་ས་མཆོག་གིས་བཀའ་སློབ།
ཐེངས་འདིར་ཝ་ར་ཎ་སི་རུ་གསུང་ཆོས་ཞུ་སར་བོད་ནས་འབྱོར་བ་ཚོར་ཟླ་འདིའི་ཚེས་༡༣ ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་བོད་རྒྱའི་གནས་བབ་དང་། ༸གོང་ས་མཆོག་གི་མཛད་འཕྲིན་སོགས་ཀྱི་སྐོར་ལ་བཀའ་སློབ་གནང་བ་དང། ཟླ་འདི་ཚེས་༡༦ ཉིན་གྱི་ཕྱི་དྲོར་ྋགོང་ས་མཆོག་གིས་ཆེད་དུ་མཇལ་ཁ་གནང་བ་དང་། ཐོག་མར་སྔར་ཆོས་རྒྱལ་གྱི་སྐབས་ནས་བོད་ཀྱི་ས་ཁུལ་ཡོངས་རྫོགས་གཅིག་གྱུར་ཡིན་པ་ནས་མཐར་བོད་སིལ་བུར་འཐོར་སྟངས་དང༌། དེ་བཞིན་བོད་རིགས་ཚང་མ་མཐུན་སྒྲིལ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་སོགས་བོད་ཀྱི་ལོ་རྒྱུས་གཞི་ལ་བཞག་ནས་བོད་མི་རིགས་ཀྱི་གནས་སྟངས་ངོ་སྤྲོད་ཐུང་ངུ་ཞིག་གནང་སོང༌།
༧གོང་ས་མཆོག་གིས་མུ་མཐུད་མི་རིགས་མཐུན་སྒྲིལ་དགོས་སྐོར་གསུང་དོན། “རྒྱལ་ཁབ་ནང་ལ་མི་རིགས་མཐུན་སྒྲིལ་དགོས་པ་གལ་ཆེན་པོ་རེད་ལ། མི་རིགས་སོ་སོ་ཡང་གཅིག་སྒྲིལ་དགོས་རྒྱུ་གལ་ཆེན་པོ་རེད། ང་ཚོ་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་ཡང་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་པའི་ཐོག་ནས་བོད་གངས་ཅན་པ་ཟེར་བའི་གཅིག་གྱུར་འོག་ལ་བསྡད་ཡོད། སྤུན་ཟླ་མི་རིགས་ཟེར་བ་དེ་ཕན་ཚུན་མཐུན་སྒྲིལ་མིང་དོན་མཚུངས་པ། གཅིག་གི་གཅིག་ལ་སེམས་ཐག་ཉེ་པོ་ཡོང་དགོས་ན་མི་རིགས་ཚང་མར་གཅིག་མཚུངས་ཀྱིས་འདྲ་མཉམ་དང་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་དགོས་པ་རེད། དེར་བརྟེན། མཐུན་སྒྲིལ་ཡོང་གི་རེད་མ་གཏོགས་དྲག་གནོན་ཁོ་ནའི་འོག་ཕན་ཚུན་ཡིད་ཆེས་དང་མཐུན་སྒྲིལ་ཡོང་མི་ཐུབ་པ་གསལ་པོ་རེད་”ཅེས་གསུངས་སོང།
ཁོང་གིས་མུ་མཐུད་ཆོས་ལུགས་ཆོས་བརྒྱུད་ཕན་ཚུན་མཐུན་སྒྲིལ་དགོས་སྐོར་གསུང་དོན། ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་ཆོས་བརྒྱུད་མི་འདྲ་བ་ཡོང་གི་ཡོད་རེད། ཡིན་ནའང་བོན་པོར་ཆ་བཞག་ན་སྔར་བོད་ལ་ནང་ཆོས་མ་དར་གོང་ལ་བོན་ཆོས་ཡོད་པ་རེད། དེ་གནས་ཚུལ་ཁག་ཁག་རེད། ཕྱིས་སུ་སངས་རྒྱས་པའི་ཆོས་བོད་ལ་དར་ཚར་བའི་རྗེས། ང་རང་ཚོའི་ས་ནས་ཞང་ཞུང་བོན་གྱི་ཆོས་དེ་སངས་རྒྱས་ཀྱི་ལྟ་གྲུབ་མང་པོ་ཞིག་བླངས་ཏེ་ཕྱིས་སུ་ཧ་ལམ་གཅིག་པ་འདྲ་པོ་རེད། དེ་འདྲ་ཡིན་དུས་ང་རང་ཚོ་ཚང་མ་དམ་ཚིག་ལ་རྒྱ་གཅིག་སྒྲིལ་བྱ་རྒྱུ་གལ་ཆེན་པོ་རེད་”ཅེས་དང། ཡང་ནང་བསྟན་ཆོས་ལུགས་སློབ་སྦྱོང་བྱ་དགོས་པའི་སྐོར་གསུང་དོན། “སངས་རྒྱས་པའི་ཆོས་དེ་སློབ་སྦྱོང་མང་པོ་བྱེད་རྒྱུ་ཡོད་པའི་ཆོས་ཤིག་རེད། དེ་ལ་ང་ཚོ་ཚང་མས་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་རེད། སྔོན་མ་ཡིན་ན་རབ་བྱུང་ཕོ་མོ་གཅིག་པུ་མ་གཏོགས་ཁྱིམ་པ་མི་ནག་བྱིངས་ཀྱིས་སློབ་སྦྱོང་བྱེད་རྒྱུ་མེད་པའི་བག་ཆགས་ཤིག་ཡོད་པ་རེད། དེ་ནི་ནོར་འཁྲུལ་ཆེན་པོ་རེད། བཀའ་འགྱུར་བསྟན་འགྱུར་པོད་སུམ་བརྒྱ་ལྷག་ཡོད་པ་དེ་སློབ་སྦྱོང་གི་དེབ་ཡིན་བསམ་པའི་འདུ་ཤེས་ཀྱི་ཐོག་ནས་དེ་ཚོར་ལྟ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་ནང་པ་ཡིན་པར་བརྟེན་ནང་པའི་ཆོས་ཤེས་དགོས་རྒྱུ་དང༌། ནང་པའི་ཆོས་ཤེས་པ་ལ་སློབ་སྦྱོང་བྱེད་དགོས་པ་ལས་ཡིན་གཅིག་མིན་གཅིག་བླ་མ་ཞིག་གདན་འདྲེན་ཞུས་ནས་བཀའ་ཆོས་གནང་བའི་སྐད་ཆ་མ་རེད་”ཅེས་གསུངས་སོང་།
ཡང་དཀར་སྐྱོང་གི་སྐོར་ལ་གསུང་དོན། “སྒེར་པ་སོ་སོའི་ཤ་ཟ་རྒྱུ་དེ་སོ་སོའི་གཟུགས་པོའི་འཕྲོད་བསྟེན་ལ་ལྟ་དགོས་ཀྱི་རེད་ལ་ཁྱད་པར་གང་ཡང་ཡོད་མ་རེད། དགོན་པའི་སྤྱི་ཐབ་དང་ཞབས་རྟེན་ལ་གདན་འདྲེན་ཞུ་མཁན་གྱི་སྦྱིན་བདག་ཚོས་ཐབ་ཚང་ནང་ལ་དཀར་སྐྱོང་བྱེད་པ་མ་གཏོགས། ཤ་གཏོང་རྒྱུ་མེད་པ་བཟོ་ཐུབ་ན་ཞེ་དྲག་ཡག་པོ་རེད། རྒྱ་གར་ནང་གི་དགོན་པ་ཆེ་ཁག་དེ་ཚོའི་ནང་གི་སྤྱི་ཐབ་ལ་དཀར་ཟས་མ་གཏོགས་དམར་ཟས་གཏོང་གི་མེད་པ་རེད། དེར་བརྟེན་བོད་ནང་ཡོད་པའི་དགོན་པ་དེ་ཚོའི་ནང་ལ་དཀར་ཟས་གཏོང་ཐུབ་ན་ཞེ་དྲག་མིག་དཔེ་བཟང་པོ་ཡོང་གི་རེད་”ཅེས་དང༌། “རྩམ་པ་དེ་གཟུགས་པོ་ལ་ཞེ་དྲག་ཡག་པོ་འདུག རྩམ་པ་ཟ་རྒྱུར་དང་དོད་བྱེད་དགོས་ཀྱི་འདུག མང་ཚོགས་ནང་ཟ་མཁན་མང་ཙམ་བྱུང་བ་ཡིན་ན། ཞིང་པ་ཚོས་འབྲུ་འདེབས་རྒྱུ་ལ་དོ་སྣང་ཞིག་སླེབས་ཀྱི་རེད་ལ། དེ་ཧ་ཅང་གལ་ཆེན་པོ་རེད་འདུག་”ཅེས་གསུངས་སོང་།
ད་ལྟའི་བོད་ནང་ཛ་དྲག་གི་གནས་སྟངས་ཁ་ཤས་ཐོག་གསུང་དོན། “བོད་ནང་ལ་ཤེས་ཡོན་མེད་པ་དང་གཅིག སེམས་སྐྱིད་པོ་མེད་པ་གཉིས་ཀྱི་རྐྱེན་པས་དཔལ་འབྱོར་ཕྲན་བུ་ཡག་ཏུ་འགྲོ་བའི་ཁ་ཐུག་ལ། དངུལ་འཕྲོ་བརླག་དང་མི་ཚེ་ཆུད་ཟོས་སུ་འགྲོ་བའི་ཤོ་བག་གིས་མཚོན་པའི་མཱ་ཅང་རྒྱག་མཁན་དེ་འདྲ་ཡོད་ཚོད་འདུག་པས། དེ་རྩ་བ་ནས་ཡག་པོ་མ་རེད། ཁྱེད་ཚོས་ྋརྒྱལ་བ་རིན་པོ་ཆེས་ལབ་ཀྱི་འདུག་ཅེས་ཁོང་ཚོ་རྩེ་མཁན་ཚོ་ལ་ལབ་རོགས་གྱིས། སྔ་མོ་༡༩༥༤ ལོར་ཆབ་མདོར་བཅིངས་འགྲོལ་དམག་མིས་དྲག་གནོན་བྱས་པའི་སྐབས་ལ་ལྷ་ས་ལ་ཐུགས་སྤྲོ་བཏང་སྟེ་མཱ་ཅང་བརྩེས་ནས་བསྡད་ཡོད་པ་རེད། ཁམས་ནས་གནས་ཚུལ་ཛ་དྲག་སླེབས་དུས་སྔོན་ལ་བཀའ་བློན་ལྷན་རྒྱས་ལ་སྙན་སེང་ཞུ་རྒྱུ་མི་འདུག་སྐུ་རྩེད་གནང་གི་འདུག་ཅེས་པའི་གནས་ཚུལ་བྱུང་བ་རེད། དེ་ང་ཚོས་ཞབས་འདྲེན་ཞུས་ཚར་བ་རེད་”ཅེས་དང་། “ཤེས་ཡོན་ཡག་པོ་མེད་དུས་དཔལ་འབྱོར་ཕྲན་བུ་ཡོད་མཁན་རིགས་ཁ་ཤས་ཀྱི་དཔལ་འབྱོར་བཟོ་སྟངས་སྡུག་ཆག་དེ་འདྲ་ཡོང་གི་ཡོད་ཚོད་འདུག གཞང་ཁང་བཙུགས་ནས་གྲོང་གསེབ་ཀྱི་བུ་མོ་ཤེས་ཡོན་མེད་མཁན་དང་ཧ་མ་གོ་མཁན་དེ་འདྲ་རུག་རུག་བཟོས་ནས་གྲོང་ཁྱེར་ལ་ཁྲིད་དེ། གཞང་ཁང་བཙུགས་ཀྱི་འདུག་ཟེར་བ་གོ་རྒྱུ་འདུག བདེན་པ་ཡིན་མིན་མི་ཤེས་ཏེ་གལ་སྲིད་བདེན་པ་ཡིན་ན་དཔེ་མི་སྲིད་སྡུག་ཆག་རེད། གྲོང་གསེབ་ནས་ཡོང་མཁན་བུ་མོ་དེ་ཚོར་རེག་དུག་གི་ན་ཚའི་སྐོར་ལ་ཤེས་ཡོན་མེད་པ་དང༌། ལྷག་པར་དུ་རྒྱ་ནག་ནས་ཡོང་མཁན་གྱི་སྨད་འཚོང་མའི་ནང་ལ་རེག་དུག་གི་ན་ཚ་ཡོད་མཁན་མང་པོ་འདུག་ཟེར། བོད་ལ་ཕྱིན་ནས་ཚུར་སླེབས་མཁན་ཧྥ་རན་སི་ནས་ཡིན་པའི་ཨ་ཅག་ཅིག་གིས་ང་ལ་སེམས་འཚབ་ཆེན་པོའི་ངང་ནས་ལབ་ཀྱི་འདུག རེག་དུག་གི་ན་ཚ་ནི་མི་རབས་ནས་མི་རབས་བརྒྱུད་དེ་མི་རིགས་རྩ་མེད་འགྲོ་བའི་ན་ཚ་ཞིག་ཡིན་དུས་ཉེན་ཁ་ཆེན་པོ་སླེབས་ཡོད་པ་རེད། དེར་བརྟེན། བོད་མི་རིགས་འདི་ཆགས་དང་འཇིག་གི་དུས་ལ་སླེབས་ཡོད་པས་ཚང་མས་གཟབ་གཟབ་བྱས་ནས་དེ་ཚོ་ལ་དོ་སྣང་བྱེད་དགོས་”ཞེས་གསུངས་སོང།
ཁོང་གིས་མུ་མཐུད་གསུང་དོན། བོད་རྒྱའི་འབྲེལ་བ་མཚོན་པའི་གནས་ཚུལ་ཚང་མ་ཁ་སང་བཀའ་བློན་ཁྲི་པས་གསུངས་པ་བཞིན་རེད། ང་ཚོ་ཚང་མ་མང་གཙོའི་ལམ་ལ་འགྲོ་ཡི་ཡོད་པ་རེད། དེ་ནི་གལ་ཆེན་པོ་དང་ཆབ་སྲིད་ཀྱི་བྱ་བ་རླབས་ཆེན། དུས་དང་འཚམས་པའི་བྱ་གཞག་ཅིག་ཆགས་བསྡད་ཡོད་རེད། ྋརྒྱལ་བ་རིན་པོ་ཆེ་སེམས་ཤུགས་ཆག་ནས་བོད་སྤྱི་པའི་དོན་དག་གློད་པ་དེ་འདྲ་གང་ཡང་མ་རེད་ཤེས་སོང་ངམ། ྋརྒྱལ་བ་རིན་པོ་ཆེ་མ་ཤི་བར་དུ་བོད་སྤྱི་པའི་དོན་དག་ལ་ལས་ཀ་བྱེད་ཀྱི་རེད། ཁྱེད་ཚོ་ཐུགས་བདེ་པོ་གནང་ཤོག་ཅེས་གསུངས་སོང་།
ཕྱི་ལོ་༢༠༠༨ ལོར་ཞི་བའི་ངོ་རྒོལ་དང་ད་ལྟའི་བོད་མི་རིགས་ཀྱི་འོས་འགན་སྐོར་ལ་གསུང་དོན། ང་ཚོ་ཞི་བའི་ངོ་རྒོལ་ ༢༠༠༨ ལོར་བོད་ཆོལ་ག་གསུམ་ཡོངས་སུ་རྫོགས་པ་བྱུང་ཟིན་པ་རེད། ཁ་ཐུག་དེར་རྒྱ་མི་གུང་ཁྲན་གྱིས་དྲག་གནོན་བྱས་ནས་ང་ཚོ་བོད་མི་མང་པོ་བཙོན་ལ་བཅུག་པ་དང༌། མང་པོ་ཞིག་འདས་གྲོངས་ཕྱིན་པ། གར་སོང་ཆ་མེད་དུ་གྱུར་ནས་བརླག་སོང་བ། སྐབས་རེ་སྲིད་ཇུས་དེ་འདྲ་ལ་ཁ་གཡར་ནས་ཤེས་ཡོན་སྲིད་ཇུས་ཁ་ཤས་འགོག་རྐྱེན་བྱས་ཏེ་སྐྱོན་ཆ་བྱུང་སོང༌། ཡིན་ནའང༌། བོད་མི་ས་ཡ་དྲུག་གི་ས་ཁུལ་ག་ས་ག་ནས་འདོད་པ་མ་ཁེངས་པར་ཡོད་བསྡད་པ་དེ་འཛམ་གླིང་ཀུན་ལ་གསལ་པོ་གཅིག་བཟོ་ཐུབ་པ་རེད། ལྷག་པར་དུ་རྒྱ་ནག་མི་མང་གིས་བོད་པ་དེ་ཚོ་ལོ་དྲུག་བཅུ་ཕྱིན་པའི་རྗེས་ལ། ད་དུང་བློ་མ་རངས་པར་ཡོད་བསྡད་པ་གཅིག་དང༌། མ་རངས་བ་ཡོང་དགོས་པའི་རྒྱུ་མཚན་ག་རེ་བྱས་པ་རེད་ཟེར་ནས་དྲི་བ་གཅིག་དང༌། དོགས་པ་གསར་པ་སླེབས་པ་ཞིག་བྱུང་སོང༌། དེར་བརྟེན་དྲག་རྡུང་བཏང་སྟེ་ང་ཚོ་སྡུག་བསྔལ་ཞེ་དྲག་བྱུང་བ་རེད་དེ། ཕྱོགས་གཅིག་ལ་བསམ་བློ་བཏང་ན་གོ་ཆོད་པའི་བཟོ་འདྲ་པོ་ཆགས་འདུག ཡིན་ནའང་དེ་འདྲའི་གནས་ཚུལ་ཡང་ཡང་བྱུང་ན་ཡག་པོ་ཡོད་པ་མ་རེད། ཚང་མས་ད་ལྟའི་དུས་སྐབས་ལ་སློབ་སྦྱོང་ལ་ཤུགས་རྒྱག་རྒྱུ་དང་ཁོར་ཡུག་ཐོག་ལ་དོ་སྣང་བྱ་རྒྱུ། སློབ་སྦྱོང་ལ་མཚོན་ན་ཆོས་པ་ཚོས་དཔེ་ཆ་ལ་དོ་སྣང་བྱེད་རྒྱུ་དང༌། ཡུལ་པ་ཚོས་ཕྲུ་གུ་སློབ་གྲྭར་བཏང་ནས་སློབ་སྦྱོང་བྱེད་དུ་འཇུག་རྒྱུ། རྒན་པ་ཚོས་ནང་ཆོས་ངོ་སྤྲོད་བྱེད་རྒྱུ་དང་ནང་ཆོས་སློབ་སྦྱོང་ལ་ཤུགས་རྒྱག་རྒྱུ། དེ་བཞིན་དཔལ་འབྱོར་འདུ་འགོད་ག་ཚོད་ཐུབ་ཐུབ་ཀྱིས་ནུས་པ་རྒྱ་བསྐྱེད་ནས་ད་ལྟ་ང་ཚོས་ཤུགས་རྒྱག་རྒྱུ་དེ་རེད། མུར་མཛོག་བསྒྲེངས་ནས་སྐད་རྒྱག་རྒྱུའི་དུས་ཚོད་མ་རེད་”ཅེས་གསུངས་སོང༌། ཝ་ཎ་ས་གནས་གསར་འགོད་པ་བཅོ་ལྔ་ཚེ་རིང་གིས།
{jcomments on}