བོད་མི་བྲོས་བྱོལ་བ་འཛིན་བཟུང་།
ཀ་ཐ་མན་ཀྲུ་ཕོ་ཉ་ཞེས་པས་གནས་ཚུལ་སྤེལ་བ་ལྟར་ན། བལ་བོད་ས་མཚམས་བརྒྱུད་རྐང་ཐང་ལ་བྲོས་བྱོལ་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་གསུམ་རེས་གཟའ་མིག་དམར་ཉིན་བལ་ཡུལ་མཐའ་མཚམས་རྒྱལ་ཁོངས་གོར་ཁ་རྫོང་གི་ Sirdibas ཞེས་པ་ནས་བཀག་གཉེར་བྱེད་སྐབས་ཁོང་ཚོར་བལ་ཡུལ་རྒྱལ་ནང་དུ་ཡོང་ཆོག་པ་དང་འགྲུལ་བཞུད་ཆོག་པའི་ལག་ཁྱེར་གང་ཡང་སྟོན་རྒྱུ་མེད་པར་བརྟེན་འཛིན་བཟུང་བྱས་ཡོད་པ་དང་། ས་གནས་ཉེན་རྟོག་དཔོན་ Gorakh Singh Bhandari བརྗོད་ན་བོད་མི་ཁོང་གསུམ་ནི་ལོ་ན་ ༢༧ ཅན་གྱི་ཚེ་བརྟན་ནོར་བུ་དང་། ལོ་༢༤ ཅན་གྱི་དཀོན་མཆོག་བརྟན་འཛིན། ལོ་༢༣ ཅན་གྱི་ཨ་དཔོན་བཅས་ཡིན་པ་དང་། ང་ཚོ་ཕན་ཚུན་བར་སྐད་བརྡ་མི་འཕྲོད་པའི་དཀའ་ངལ་ཡོད་ཐོག་ཁོང་ཚོར་ཐ་ན་རྒྱ་ནག་གི་མི་སེར་ལག་འཁྱེར་ཙམ་ཡང་སྟོན་རྒྱུ་མི་འདུག་པས། རྒྱལ་སའི་ཕྱི་མི་ཞིབ་གཤེར་ལས་ཁུངས་ལ་རྩིས་སྤྲོད་བྱས་པ་ཡིན། ཕལ་ཆེར་འདྲི་ཞིབ་རྗེས་རྒྱ་གར་ལ་གཏོང་སྲིད་པ་སོགས་གསུངས་འདུག།
སྤྱིར་བཏང་བོད་ནང་གི་བོད་མི་ཚོ་རྒྱ་ནག་གི་སྟངས་འཛིན་འོག་ནས་སྡོད་མ་ཐུབ་པར་ལོ་ལྟར་བལ་བོད་ས་མཚམས་འདྲ་མིན་བརྒྱུད་བོད་མི་གྲངས་གསུམ་སྟོང་གཡས་གཡོན་ཙམ་རེ་བྲོས་བྱོལ་ལ་ཡོང་གི་ཡོད་པ་དང་། ༢༠༠༨་ལོའི་རྗེས་ནས་བོད་ནང་དམ་དྲག་གི་རྐྱེན་པས་བྲོས་བྱོལ་བའི་གྲངས་འབོར་ལྡབ་འགྱུར་གྱིས་ཇེ་ཉུང་ལ་སོང་ཡོད་པ་རེད།།