བཀའ་ཁྲིར་ལངས་དགོས་པའི་དམིགས་ཡུལ་གསུམ།

ཐོག་མར་དགུ་བཅུ་གསུམ་གྱི་ཚོགས་གཞོན་ཀླུ་མཁར་བྱམས་ཀྱིས། དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་ཐང་སྟོང་གླུ་གར་ཚོགས་པ་གཉིས་ཟུང་འབྲེལ་གྱིས་བཀའ་ཁྲིའི་འོས་མི་མཁས་དབང་བློ་བཟང་སེང་གེ་ལགས་འདིར་ཕེབས་ནས་གཏམ་བཤད་དགོས་པ་དེ་ང་ཚོའི་གང་ཟག་བྱེ་བྲག་པ་ལ་རྒྱབ་སྐྱོར་མཚོན་རྒྱུའི་ཆེད་དུ་གཏམ་བཤད་ཀྱི་ལས་རིམ་འདི་གོ་སྒྲིག་བྱས་པ་མིན། ཁ་སང་སྔོན་མ་ང་ཚོའི་ལས་འགུལ་འདིའི་ཐོག་བཀའ་ཁྲིའི་འོས་མིི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཕྱི་ཚེས་༡༣ ཉིན་ལས་རིམ་ནང་ཕེབས་ཐུབ་རྒྱུར་འབད་བརྩོན་བྱས་པ་རེད། ཡིན་ནའང་བྲེལ་ཟིང་གི་རྐྱེན་པས་ཕེབས་ཐུབ་ཡོད་མ་རེད་ཅེས་ལས་འགུལ་དེ་གོ་སྒྲིག་བྱེད་དགོས་པའི་དམིགས་ཡུལ་སྐོར་ངོ་སྤྲོད་གནང་སོང།

བློ་བཟང་སེང་གེ་ལགས་ཀྱིས་འཚམས་འདྲི་དང་སྦྲགས་གོ་སྒྲིག་ཚོགས་ཆུང་གིས་བོད་ནས་ཕེབས་མཁན་ཆོས་ཞུ་བ་མང་པོ་ཡོད་པས་བཙན་བྱོལ་སྤྱི་ཚོགས་ཀྱི་མང་གཙོའི་འཕེལ་རིམ་སྐོར་ལ་གཏམ་བཤད་གནང་རྒྱུའི་རེ་སྐུལ་ཞུས་པ་ལྟར་ཁོང་གིས་ཐོག་མ་༸གོང་ས་མཆོག་གིས་མང་གཙོ་གསོལ་རས་གནང་བ་ནས་ད་ལྟ་བར་བཙན་བྱོལ་སྤྱི་ཚོགས་ཀྱི་མང་གཙོ་འཕེལ་རིམ་སྐོར་ངོ་སྤྲོད་མདོར་བསྡུས་དང་སྦྲགས་ད་ལྟའི་གནས་བབ་སྐོར་གསུང་དོན། བཀའ་བློན་ཁྲི་པ་སྐབས་གཉིས་པའི་དུས་ཡུན་རྫོགས་ལ་ཉེ་ནས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་འོས་བསྡུ་བྱེད་ཀྱི་ཡོད་པ་རེད། དེར་ད་ལྟ་ཡོངས་གྲགས་འོས་མི་གསུམ་ཡོད་པ་དང༌། འོས་མི་གཞན་གཉིས་ནི་བཀའ་ཁྲི་ཟུར་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང། བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་གཉིས་རེད། ངས་ཁོང་གཉིས་མཉམ་དུ་ལོ་ཉི་ཤུ་རིང་ལས་ཀ་ཆེ་འབྲིང་ཆུང་གསུམ་མང་པོ་ཞིག་བྱས་པ་ཡིན། ཁོང་གཉིས་ལ་རྒྱུས་ཡོད་ལ་གུས་ཞབས་ཀྱང་ཡོད། ཁོང་གཉིས་ཡོངས་གྲགས་ལ་བོད་གཞུང་ལ་ཕྱག་ལས་ཡུན་རིང་གནང་ཡོད་པ་རེད་ལ་ལྷག་བསམ་དང་བོད་བསྟན་པ་ཆབ་སྲིད་ཀྱི་རྩ་དོན་གྱི་ཆེད་དུ་སེམས་ཤུགས་ཡོད་པ་ཡོངས་གྲགས་རེད། དེར་བརྟེན་ངས་ཁོང་གཉིས་ལ་མོས་མཐུན་ཆ་ཚང་ཞུ་ཡི་ཡོད་ཟེར་ཞུ་རྒྱུ་ཡིན་ཅེས་དང༌། དམིགས་བསལ་ད་ལྟ་བོད་ནས་ཕེབས་མཁན་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཚོར་ག་རེ་ཞུ་རྒྱུ་ཡོད་ཅེ་ན། བཀའ་བློན་ཁྲི་པའི་འོས་མི་གསུམ་གྱི་ནང་ནས་སུ་འཁོད་པ་ཡིན་ན་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཕྱག་ལས་གནང་གི་རེད་ཅེས་ངས་ཡིད་ཆེས་ཡོད་ལ་སྤོབས་པ་ཆེན་པོའི་ངང་ནས་ཞུ་རྒྱུ་ཡིན། ང་རང་ལྟ་བུ་ཡིན་ནའང་བཀའ་བློན་ཁྲི་པའི་འོས་མིར་ལངས་རྒྱུའི་གདེང་ཚོད་ཡོད་ལ་མང་གཙོ་དང་འབྲེལ་བ་ཡོད་པ་ཞིག་རེད་ཅེས་གསུངས་སོང་།

རྒྱལ་སྤྱི་དང་རྒྱ་ནག་གི་མཁས་དབང་མང་པོ་ཞིག་དང་ཐུག་པ་ཡིན། ཁོང་ཚོས་གསུང་དོན་ལ་རྒྱ་ནག་གི་འགོ་ཁྲིད་ཚོས་རེ་བ་དང་རྩིས་ཤིག་རྒྱག་གི་ཡོད་རེད། བཙན་བྱོལ་ནང་གིི་མི་ཐོག་རྒན་པ་མ་བཞུགས་པའི་ཉིན་མོར་བཙན་བྱོལ་གཞུང་དེ་འཐོར་ཞིག་ཏུ་འགྲོ་ཡི་རེད་ཟེར་ནས་རྩིས་ཤིག་རྒྱག་གིི་ཡོད་པ་དང༌། དེ་ནང་བཞིན་མི་ཐོག་རྒན་པའི་སྐུ་ལས་བསྐྱོན་ནས་བཙུགས་བཞག་པའི་བོད་ཀྱི་རྩ་་དོན་རྩོད་སའི་སྒྲིག་འཛུགས་དེ་མེད་པ་ཆགས་འགྲོ་བའི་རེ་བ་རྒྱག་གི་ཡོད་པ་རེད། རྒྱུ་མཚན་དེ་ཚོར་བརྟེན། ང་བཀའ་བློན་ཁྲི་པར་ལངས་ཏེ་རྒྱལ་སྤྱི་དང་རྒྱ་ནག་ལ་གསལ་ཁ་དོད་པོའི་བརྡ་གསུམ་གཏོང་རྒྱུ་ཡིན། དང་པོ་དེ་བཙན་བྱོལ་ནང་ཡོད་པའི་མི་ཐོག་རྒན་པའི་སྐུ་ལས་བསྐྱོན་བཞག་པ་དེ་ང་ཚོའི་མི་ཐོག་གསར་པ་མུ་མཐུད་ནས་བོད་རང་དབང་བསྐྱར་གསོ་མ་ཐུབ་ཀྱི་བར་དུ་གནས་ཀྱི་རེད། གཉིས་པ་དེ་བོད་ནང་ཡོད་པའི་བོད་རིགས་སྤུན་ཟླ་རྒན་པ་དང་གཞོན་པ། ཞིང་པ་དང་འབྲོག་པ། ཆོལ་གསུམ་གཅིག་ཏུ་བསྒྲིལ་སྟེ། དཔའ་བོ་དཔའ་མོ་མང་པོ་ཞིག་གིས་རང་སྲོག་བློས་གཏོང་གིས་བོད་མི་རིགས་ཀྱི་ཆེད་དུ་ཕྱག་ལས་གནང་བ་དང་སྐུ་ལས་བསྐྱོན་བཞག་པ་དེ། ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་རིགས་སྤུན་ཟླ་ཚོས་དུས་ནམ་ཡང་བརྗེད་ཀྱི་མ་རེད་ལ་ཁོང་རྣམ་པའི་ལྷག་བསམ་དང་སེམས་ཤུགས་ཀྱིས་ང་ཚོར་སྙིང་སྟོབས་སྦྱིན་གྱི་འདུག། གསུམ་པ་དེ་རྒྱ་ནག་གཞུང་གིས་བཙན་བྱོལ་ནང་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་རྒྱུའི་ཆེད་དུ་རེད་ཟེར། དེ་ནི་ཧམ་བཤད་ཡིན་པ་བོད་ནང་གི་མི་མང་མང་ཆེ་བས་མཁྱེན་གྱི་རེད། ཡིན་ན་ཡང༌། ད་ལོ་ང་ལྟ་བུ་མི་མང་དཀྱུས་མ་དང་གཞིས་ཆགས་ལ་འཚར་ལོང་བྱུང་མཁན་ཞིག་བཀའ་བློན་ཁྲི་པའི་འོས་མིར་ལང་རྒྱུའི་གོ་སྐབས་རག་པ་དེས། བཙན་བྱོལ་གཞུང་དེ་༸གོང་ས་མཆོག་གི་མང་གཙོ་གསོལ་རས་གནང་བ་དེ་མང་གཙོའི་ལམ་ལུགས་ཡང་དག་པ་ཞིག་ཡིན་པ་དེ་ནས་གསལ་པོ་དང༌། ད་ལྟ་རྒྱ་ནག་གི་བོད་ནང་མི་སེར་སྤེལ་རྒྱུའི་ལམ་ལུགས་ལས་བཙན་བྱོལ་གཞུང་གི་མང་གཙོའི་ལམ་ལ་འགྲོ་ཡི་ཡོད་པ་དེ་སྤུས་དག་ཡིན་པ་གསལ་པོ་ཞེ་དྲག་རེད་ཅེས་གསུངས་སོང་།

ཡང་ཁོང་གིས། ༸གོང་ས་མཆོག་གིས་ཉེ་ཆར་གསུང་བཤད་ཁ་ཤས་ནང་རྒན་ཡོལ་ཆ་ཚང་ཞུ་རྒྱུ་ཡིན་གསུང་པ་དེ་ལ་ང་རང་ངོས་ནས་༸གོང་ས་མཆོག་རྒན་ཡོལ་ལ་རྩ་བ་ནས་མ་ཕེབས་རོགས་གནང་ཞེས་གསོལ་བ་སྨོན་ལམ་འདེབས་ཀྱི་ཡིན་ལ་གཞུང་མང་གཉིས་ནས་འབོད་སྐུལ་དང་གསོལ་འདེབས་ཞུ་རྒྱུ་དེ་ལ་བརྒྱ་ཆ་བརྒྱ་ཐམ་པའི་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གནད་དོན་ཁ་ཤས་ཐོག་ལ་གཏམ་བཤད་གནང་སོང༌།

དེ་རྗེས་དགུ་བཅུ་གསུམ་ཚོགས་པའི་ཚོགས་གཞོན་དང་ཐང་སྟོང་གླུ་གར་ཚོགས་པའི་ཚོགས་གཙོ་གཉིས་ནས་ཐུགས་རྗེ་ལེགས་གསོའི་ཁ་བཏགས་ཕུལ་ཡོད་པ་རེད།། ཝ་ཎ་ས་གནས་གསར་འགོད་པ་བཅོ་ལྔ་ཚེ་རིང་གིས།

{jcomments on}