རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ཐད་བསྒྲུབ་དགོས་པ་མང་པོ་ཡོད།
ཟླ་འདིའི་ཚེས་༢༠ ཉིན་བྷི་བྷི་སིའི་དྲ་གནས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཨ་ནག་གི་སྲིད་འཛིན་ཧུའུ་ཨ་རིར་ཉིན་༤ རིང་སྐོར་བསྐྱོད་ལ་འབྱོར་བ་དེར། འཛམ་གླིང་གི་རྒྱལ་ཁབ་མང་པོས་དོ་སྣང་བྱེད་བཞིན་ཡོད་པ་དང། ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་ཧུའུ་ལ་དགོང་དྲོའི་གསོལ་ཚིགས་བཏང་བ་དེ། སྲིད་འཛིན་ཟུར་པ་བྷུ་ཤིའི་སྐབས་དང་བསྡུར་ན་རྒྱ་ནག་ལ་སྤྲེལ་ལད་ཀྱི་རྣམ་འགྱུར་ཆེན་པོ་ཆགས་ཡོད་པ་དང། ད་ཐེངས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་འདི་བརྒྱུད་ནས་ཨ་རིའི་ནང་མི་གྲངས་༢༠༠༠༠༠ ལྷག་ཙམ་ལ་ལས་ཀ་ཐོབ་རྒྱུ་ཡིན་སྐོར། སྲིད་འཛིན་ཨོ་བྷ་མས་གསུང་བཤད་གནང་ཡོད་པ་རེད། དེ་བཞིན་ཨ་རིའི་རྒྱལ་དོན་དྲུང་ཆེ་སོགས་ཆེས་མཐོའི་དཔོན་རིགས་མང་པོས། ཨ་རིར་ཡོད་པའི་རྒྱ་ནག་གི་བརྒྱུད་ལམ་ཁག་གི་བཅར་འདྲི་དང་ལེན་བྱས་ཏེ། ཕྱོགས་གཉིས་ཀའི་ངོས་ནས་ཚོང་ལས་འཕེལ་རྒྱས་སོགས་ལ་ཤུགས་སྣོན་རྒྱག་དགོས་སྐོར། སྔོན་དུས་དང་མི་འདྲ་བ་གླེང་སློང་ཤུགས་ཆེན་བྱས་ཡོད་པ་རེད།
དེ་ཡང་གསར་འགོད་གསལ་བསྒྲགས་ཀྱི་ཐོག་ཏུ་རྒྱ་ནག་གི་སྲིད་འཛིན་ཧུའུ་ཡིས། རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ། གཉིས་ཀས་བརྩི་བཀུར་བྱེད་རྒྱུ་དེ་འབྲེལ་ལམ་གྱི་རྨང་གཞི་ཆགས་ཡོད་པ་དང། དེ་བཞིན་གཉིས་ཀའི་ཡར་རྒྱས་ཀྱི་ལངས་ཕྱོགས་ལ་བརྩི་བཀུར་བྱེད་དགོས་ཤིང། རྒྱ་ནག་ནི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མི་འབོར་ཕོན་ཆེ་ཤོས་ཆགས་ཡོད་ཅིང། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་སྒྱུར་བཅོས་ནི་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད་པ་དང། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཐད་ལ་ལས་དོན་བསྒྲུབ་དགོས་པ་མང་པོ་ཡོད་ཅེས་གསུངས་ཡོད་པ་རེད།
ཨ་རིའི་སྲིད་འཛིན་ཨོ་བྷ་མས། དེང་སྐབས་རྒྱ་ནག་ནང་མི་ས་ཡ་མང་པོ་འཚོ་བའི་དཀའ་ངལ་ལས་གྲོལ་ཐུབ་ཡོད་པ་དེར། ཨ་རིའི་ངོས་ནས་དགའ་སྤོབས་ཆེན་པོ་སྐྱེ་ཡི་འདུག་ལ། ཨ་རྒྱ་ཕྱོགས་གཉིས་དབར་མཚམས་མཚམས་སུ་རྩོད་རྙོག་ཡོང་གི་ཡོད་པའི་གནད་དོན་ཐད། ངས་སྲིད་འཛིན་ཧུའུ་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་པ་དང། འགྲོ་བ་མིའི་ཐོབ་ཐང་དེ་མིའི་ཟས་གོས་སྡོད་གསུམ་དང་འབྲེལ་བ་ཆགས་ཀྱི་ཡོད་པས། རྒྱལ་སྤྱིའི་འདོད་ཕྱོགས་དང་ཁྲིམས་ལུགས། བདེ་འཇགས། ཞི་བདེ་ལ་རྒོལ་བའི་ལས་དོན་རྣམས་ལ་ཚང་མས་དོ་སྣང་ཆེན་པོ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
ད་ལྟའི་ཨ་རྒྱ་སྲིད་འཛིན་གཉིས་ཀྱི་ཐུག་འཕྲད་འཆར་འགོད་དང་། ཕྱོགས་གཉིས་ཀ་ཚོང་དོན་ཐོག་ལངས་ཕྱོགས་གཅིག་བསྒྱུར་ཡོང་ཐབས་ཀྱི་རེ་འདུན་འདི་འདྲ་བ། འདས་པའི་ལོ་༣༠ རྗེས་ནས་གཞི་ནས་ཡོང་བ་ཞིག་ཡིན་པ་དང། བོད་དོན་རྒྱབ་སྐྱོར་བ་གཙོ་བོ་གྱུར་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས། བོད་དང་ཡུ་གུར་མི་རིགས་ཀྱི་དཀའ་ངལ་དང། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་ལ། ཨ་རྒྱ་གཉིས་ཀའི་ཕྱོགས་ནས་གྲོས་མོལ་བྱེད་དགོས་པའི་ཞུ་འབོད་ཀྱི་ཡིག་ཆ་དང་སྙན་ཞུ་སོགས། རྒྱ་ནག་གི་སྲིད་འཛིན་ཨ་རིར་མ་ཡོང་བའི་སྔོན་ནས་སྲིད་འཛིན་ཨོ་བྷ་མར་ཕུལ་ཟིན་པ་དང། དེ་བཞིན་བོད་པའི་ངོ་རྒོལ་བ་ཚོས་ཕོ་བྲང་དཀར་པོ་དང། སྲིད་འཛིན་ཧུའུ་ཡི་མགྲོན་ཁང་གི་ཉེ་འཁྲིས་སུ་སྐད་འབོད་སོགས་རྒྱག་བཞིན་ཡོད་རུང། ད་ལྟའི་བར་བོད་དང་ཡུ་གུར་གྱི་གནད་དོན་ཐད། ཡོངས་གྲགས་ཀྱི་གླེང་སློང་གང་ཡང་བྱུང་མེད་པ་རེད།།
{jcomments on}