བལ་ཡུལ་དུ་དངུལ་ཁང་འཕྲོག་བཅོམ་གྱི་དོན་རྐྱེན་བྱུང་བ།
ཕྱི་ཚེས ༡༤ ཉིན་གྱི་ཉིན་གུང་དེར་ལག་ལ་གོ་མཚོན་མེ་མདའ་ཐོགས་པའི་མི་གཉིས་རྒྱལ་སའི་ཉེ་འགྲམ་ Lalitpur རྫོང་ཁོངས་ལ་ཡོད་པའི་ Standard Chartered Bank ཡན་ལག་དངུལ་ཁང་ལ་འཛུལ་ནས། འབར་རྫས་གཡུགས་པ་དང་བདེ་སྲུང་མི་སྣ་དང་ལས་བྱེད་ཚོར་མེ་མདས་འཇིགས་སྐུལ་བྱེད་ཞོར་བལ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་ལྷག་འཕྲོག་བཅོམ་བྱས་ནས་བྲོས་ཡོད་འདུག གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་ན། ཉིན་གུང་ཆུ་ཚོད་དང་པོ་ཙམ་ལ་དངུལ་ཁང་སྒོ་བརྒྱབ་ནས་ནང་རྩིས་བྱེད་གྲབས་ཡོད་པའི་སྐབས། མི་དེ་གཉིས་གློ་བུར་ནང་དུ་འཛུལ་ཡོང་བ་དང་། འཕྲོག་བཅོམ་ཚར་རྗེས་དངུལ་ཁང་ལྟག་སྒོ་ནས་ཕྱིར་ཐོན་ཏེ། རྫུན་བཟོ་བྱས་པའི་ Ba 21 Pa. 2157 ཨང་གྲངས་ཅན་གྱི་སྦག་སྦག་འཁོར་ལོ་ཞོན་ནས་འདུ་འཛི་ཆེ་བའི་གཞུང་ལམ་ཐོག་ཏུ་ཕྱིན་སོང་ཞེས་བཤད་ཡོད་པ་རེད།
སྐར་མ་ཁ་ཤས་རྗེས་ཉེན་རྟོག་པ་འབྱོར་ནས་བརྟག་དཔྱད་བྱས་པ་ལས་སྐབས་ཐོག་འཛིན་བཟུང་སོགས་བྱེད་ཐུབ་མེད་ཀྱང། ཉེན་རྟོག་པའི་འགོ་འཛིན་Madhav Nepa ནས་གང་མགྱོགས་ཇག་པ་དེ་གཉིས་འཛིན་བཟུང་བྱེད་ཐུབ་པ་བྱེད་རྒྱུ་ཡིན་ཚུལ་བཤད་ཐོག་གནས་ཚུལ་བྱུང་སྟངས་ལས་དངུལ་ཁང་སྒོ་སྲུང་བ་ཉེས་དོན་དང་འབྲེལ་བ་ཡོད་པའི་དོགས་གཞི་ཡོད་ཚུལ་བཤད་འདུག
Standard Chartered དངུལ་ཁང་ནི་བལ་ཡུལ་ནང་གི་དངུལ་ཁང་བརྟན་ཤོས་དང་ཡག་ཤོས་གྲས་ཤིག་ཡིན་པ་དང་། གོང་གི་ཡན་ལག་དངུལ་ཁང་དེ་ས་གནས་ཉེན་རྟོག་ལས་ཁུངས་དང་ཧ་ཅང་ཐག་ཉེ་སར་ཡོད་པ་རེད།།
བལ་ཡུལ་ས་གནས་གསར་འགོད་པས།
{jcomments on}