རྒྱ་གར་ཕྱི་སྲིད་དྲུང་ཆེའི་གཟིགས་སྐོར།
རྒྱ་གར་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་Nirupama Rao མཆོག་རེས་གཟའ་མིག་དམར་ཉིན་བལ་ཡུལ་ལ་འབྱོར་བ་དང། རྒྱལ་ཁབ་ཀྱི་སྲིད་འཛིན་Dr Ram Baran Yadav་ དང་སྲིད་བློན་Madhav Kumar གྲོས་ཚོགས་ཚོགས་གཙོ་Subas Nemwang བལ་ཡུལ་རྒྱལ་ནང་གི་ Nepali Congress ཆབ་སྲིད་ཚོགས་པའི་འགོ་ཁྲིད་Sushil Koirala དང་། དམར་ཕྱོགས་མའོ་རིང་ལུགས་ཆབ་སྲིད་ཚོགས་པའི་འགོ་ཁྲིད་Pushpa Kamal Dahal མྰ་ལེ་རིང་ལུགས་ཆབ་སྲིད་ཚོགས་པའི་འགོ་ཁྲིད་བཅས་ཆབ་སྲིད་ཚོགས་པ་ཆེ་ཁག་གི་འགོ་ཁྲིད་གཙོས་རྒྱལ་ཁབ་ཀྱི་གནད་ཡོད་མཐོ་རིམ་དཔོན་རིགས་བར་རིམ་པས་ཁག་སོ་སོར་ཐུག་འཕྲད་བྱས་ནས་འབྲེལ་ཡོད་གནད་དོན་ཐད་གླེང་མོལ་བྱས་ཡོད་པ་རེད། སྐབས་དེ་དག་ལ་གཙོ་བོ་ད་ལྟའི་བལ་ཡུལ་རྒྱལ་ནང་གི་ཆབ་སྲིད་གནས་སྟངས་དང་། ཞི་འགྲིག་ལས་དོན། རྩ་ཁྲིམས་གསར་བཟོ། གཞུང་འཛིན་འཛུགས་སྟངས་སོགས་ཀྱི་གཙོས་ལྷག་དོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཞི་འགྲིག་ལས་ཁུངས་ United Nations Mission in Nepal (UNMIN) ཞེས་པ་དངོས་སུ་བལ་ཡུལ་ནས་ཕྱིར་བསྡུ་བྱས་རྗེས་ཀྱི་གནས་སྟངས་ཁག་ལ་དོ་སྣང་ཆེན་པོས་རྟོག་ཞིབ་དང་འདྲི་རྩད་ཀྱིས་ནང་ཁུལ་གྲོས་མོལ་བྱས་ཡོད་འདུག
སྐབས་འདིར་ད་དུང་སྤྱི་ཚོགས་ཁྲོད་རྒྱ་གར་གྱིས་བལ་ཡུལ་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པ་དང་། དམར་ཕྱོགས་མའོ་རིང་ལུགས་པའི་ཆབ་སྲིད་ཚོགས་པ་རྒྱ་གར་གྱི་བྱ་སྤྱོད་དེར་འདོད་པ་མེད་པ་སོགས་ཀྱི་གླེང་ཕྱོགས་ལ་སྐད་ཆ་བྱུང་ཡོད་པ་དང་། དེའི་ཐད་དམར་ཕྱོགས་མའོ་རིང་ལུགས་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ Pushpa Kamal Dahal ནས་ཁོང་ཚོའི་ཚོགས་པ་ནམ་ཡང་རྒྱ་གར་ལ་མ་དགའ་བར་ཁ་གཏད་དུ་ལེན་མ་མྱོང་བ་དང་། མི་རིང་བར་རྒྱ་གར་ལ་སོང་ནས་ཕན་ཚུན་བར་ནམ་མཁའ་གཡའ་དག་པ་བྱེད་འདོད་ཡོད་པར་གསུངས་འདུག། རྒྱ་གར་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་Nirupama Rao ནས་བལ་ཡུལ་རྒྱལ་ཁབ་ལ་གཞུང་འཛིན་འགོ་ཁྲིད་དུ་སུ་འཇོག་མིན་དེ་ཁྱེད་ཚོའི་འདོད་མོས་ལས་ང་ཚོར་ཁྱད་མེད། ང་ཚོས་གཙོ་བོ་ཆབ་སྲིད་ཚོགས་པ་ཁག་མཉམ་རུབ་ཐོག་ཞི་འགྲིག་ལས་དོན་དང་རྩ་ཁྲིམས་གསར་བཟོ། རྒྱལ་ཡོངས་འོས་བསྡུ་སོགས་དུས་ཐོག་བྱེད་ཐུབ་པར་བལྟས་བསྡད་ཡོད་པ་གསལ་བཤད་བྱས་འདུག།
ད་ཐེངས་རྒྱ་གར་རྒྱལ་ཁབ་གྱི་ཕྱི་སྲིད་བློན་ཆེན་མཆོག་བལ་ཡུལ་རྒྱལ་ནང་དུ་གཞུང་འབྲེལ་གཟིགས་སྐོར་ལ་འབྱོར་བ་ནི་ཡུལ་དེའི་ནང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཞི་འགྲིག་ལས་ཁུངས་སྒོ་བརྒྱབ་པའི་རྗེས་ནས་རྒྱ་གར་གྱི་མཐོ་རིམ་དཔོན་རིགས་འབྱོར་བ་ཐོག་མ་དེ་ཆགས་ཡོད་པ་རེད།།
བལ་ཡུལ་གསར་འགོད་པས།