བཙན་བྱོལ་ནང་གི་གཞས་པ་བཀྲས་ཆུང་ལགས་སུ་བཅར་འདྲི།

གཞས་པ་ཇོ་ལགས་བཀྲས་ཆུང་ནི་སྒང་ཏོག་ཏུ་༡༩༦༡ ལོར་སྐྱེས་པ་དང། རྗེས་སུ་ནང་མི་དྷ་རམ་ས་ལ་རུ་ཡོང་སྐབས་ཁོང་སློབ་གྲྭར་མ་ཚུད་པར་བོད་གཞུང་ཟློས་གར་ཚོགས་པའི་ནང་དུ་ཞུགས་ཏེ། བོད་ཀྱི་སྲོལ་རྒྱུན་གཞས་སྣ་གཙོས་བོད་གཞས་སྐོར་ལ་སློབ་གཉེར་བྱས། རྗེས་སུ་ཨ་རིར་ཕྱིན་པ་དང། བོད་ཀྱི་རིག་གཞུང་ཁྱབ་སྤེལ་ཆེད་བོད་ཀྱི་གླུ་གཞས་སྐོར་གྱི་ཚོགས་པ་ཞིག་གསར་འཛུགས་དང། གླུ་གཞས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་ཁྱབ་སྤེལ་དང་ཉམས་པ་སླར་གསོའི་ཆེད་དུ་ལས་དོན་བྱས།

དྲི་བ། དང་ཐོག་བོད་ཀྱི་གླུ་གཞས་སྐོར་ལ་དོ་སྣང་སླེབས་སྟངས་དང་དེའི་བརྒྱུད་རིམ་ག་འདྲ་རེད།
techong1ལན། ང་རྒྱ་གར་ནས་ཨ་རིར་ཕྱིན་སྐབས། བོད་ཀྱི་རིག་གཞུང་དང་མི་རིགས་ཚང་མ་ཉམས་བསྡད་ཡོད་པའི་སྐབས་རེད། སྐྱབས་བཅོལ་བ་མང་པོ་ཞིག་ལ་ཉམས་དམའ་བའི་དུས་སྐབས་ཤིག་ཡོང་གི་རེད། དེའི་སྐབས་སྲོལ་རྒྱུན་རིག་གཞུང་བརྟན་པོ་འཛིན་མ་ཐུབ་ན། རིག་གཞུང་བརླག་འགྲོ་ཡི་རེད་བསམ་པའི་ཚོར་བ་ཤུགས་ཆེན་པོ་ཡོད། གཞས་ཀྱི་ཐོག་ནས་བོད་མི་ཚོར་སེམས་ཤུགས་སྤར་བ་དང་ཕྱི་རྒྱལ་དུ་དེ་ཁྱབ་སྤེལ་བྱེད་རྒྱུའི་འདོད་པ་ཡོད། སྤྱིར་བཏང་ཟློས་གར་ནང་དུ་ཡོད་སྐབས། གཞས་ལ་དགའ་སྣང་ཆེན་པོ་མེད་མོད། བསླབ་ཡོང་སྐབས་མི་སུ་ཡིན་ནའང་ཤེས་ཀྱི་རེད། ཕར་ཕྱི་རྒྱལ་དུ་ཕྱིན་སྐབས། རོལ་དབྱངས་གཏོང་མཁན་དེ་འདྲ་མང་པོར་ཐུག་དུས་སེམས་ཤུགས་དང་སྤོབས་པ་སྐྱེ་བའི་ཚོར་སྣང་ཞིག་སླེབས་སོང། གཞས་གཏོང་མཁན་དང་དེ་འདྲ་ལ་མི་ཚེའི་ནང་རྐྱེན་ངན་ཞིག་འཕྲད་དགོས་པ་རེད། གཟའ་ཚང་གི་དཀའ་ངལ་དང་མཛའ་གྲོགས་ཀྱི་དཀའ་ངལ་དེ་འདྲ་འཕྲད་སྐབས་སེམས་ནང་དུ་གཞས་ཀྱི་ཚོར་བ་ཤུགས་ཆེ་བ་སླེབས་ཀྱི་རེད། དེ་འདྲ་བརྒྱུད་ནས་གཞས་ལ་དོ་སྣང་སླེབས་པ་རེད། དེའི་སྐབས་དམིགས་ཡུལ་ཆེན་པོ་མེད་ལ་ངས་འགྱུར་བ་ཆེན་པོ་གཏོང་ཐུབ་པའི་རེ་བ་མེད། གཞས་ཀྱི་འཁོར་ཐག་ཁག་ཅིག་འདོན་ཐུབ་པ་དང། ངའི་བསམ་བློ་གཏོང་སྟངས་དང་གཞས་གཏོང་སྟངས་གཞོན་སྐྱེས་ཚོའི་ནང་དུ་ཁྱབ་སྤེལ་ཡག་པོ་ཕྱིན་པ་རེད།

དྲི་བ། ཕྱི་རྒྱལ་མི་རིགས་ཀྱིས་བོད་གཞས་ཀྱི་སྐོར་ལ་ལྟ་སྟངས་ག་འདྲ་རེད།
techong2ལན། འཛམ་བུ་གླིང་གང་དུ་ཕྱིན་ནའང་སོ་སོའི་རིག་གཞུང་དེ་ཡག་པོ་ཡིན། དེ་ལ་བདག་པོ་རྒྱག་དགོས་ཞེས་ཚང་མས་བརྗོད་ཀྱི་རེད། ང་ཚོ་བཙན་བྱོལ་ནང་དུ་མི་རིགས་གཞན་གྱི་གློག་བརྙན་སྐད་གྲགས་ཆེན་པོ་དང་རྒྱ་གར་གྱི་གཞས་མང་དྲགས་པ་དང། ང་ཚོ་ལ་གཞས་ཉུང་དྲགས་ནས། ང་ཚོར་མེད་པ་ལྟ་བུའི་ཚོར་སྣང་སླེབས་ཀྱི་འདུག སྤྱིར་བཏང་ལོ་བརྒྱ་ཕྲག་མང་པོའི་རིང་བོད་ལ་གཞས་དེ་སྟོད་དབུས་གཙང་ནས་ཁམས་དང་ཨ་མདོ་གང་ལ་ཕྱིན་ཡང་སུ་གཅིག་ལ་རེ་མི་དགོས་པར། གཞས་ཀྱི་རྒྱ་མཚོ་ཞིག་ཡིན་ཟེར་གྱི་ཡོད་པ་རེད་མོད། བཙན་བྱོལ་དུ་སླེབས་རྗེས་དཀའ་ངལ་མང་པོ་འཕྲད་པ་རེད། རྒྱལ་ཁབ་སུ་ཡིན་ནའང་སོ་སོའི་དེ་ལ་དོ་སྣང་བྱེད་པ་ལས། ང་ཚོས་ཁྱབ་སྤེལ་གྱི་ནུས་པ་འདོན་སྐབས། དམིགས་བསལ་གྱིས་དོ་སྣང་ཞེ་དྲག་བྱེད་ཀྱི་མི་འདུག ཡིན་ནའང་ཕྱི་རྒྱལ་གྱིས་སྒྱུ་རྩལ་ཟེར་དུས་མཐོང་སྤྲོད་པ་དང། ལོ་༢༠ ཙམ་གྱི་རྗེས་ནས་བོད་ཀྱི་བསོད་ནམས་ཟེར་ནའང་རེད། ༧གོང་ས་མཆོག་གི་དབུ་ཁྲིད་སོགས་ལ་བརྟེན་ནས། བོད་ཀྱི་ནང་ཆོས་དང་རིག་གཞུང་ལ་དོ་སྣང་སླེབས་པ་རེད། དེ་གཉིས་ཀྱིས་མི་རིགས་གཞན་པས་བོད་ཀྱི་གཞས་ལ་དོ་སྣང་བྱེད་རྒྱུར་རོགས་སྐྱོར་ཐེབས་པ་རེད།

དྲི་བ། བོད་གཞས་ཡར་རྒྱས་ག་འདྲ་གཏོང་དགོས་པ་རེད་དགོངས་ཀྱི་ཡོད་དམ།

ལན། ད་ལྟ་ང་ཚོ་ལ་ཆ་རྐྱེན་ཞེ་དྲག་མེད་པ་རེད། བོད་པའི་རིག་གཞུང་ནང་མི་སྐྱའི་གཞས་ཀྱི་སྐོར་བྲིས་པ་ཉུང་ཉུང་རེད་མོད། བོད་ཀྱི་རིག་གཞུང་རྙིང་ཤོས་ཟེར་དུས་སེམས་ཁམས་དང་རྣམ་དཔྱོད་ཚང་མ་གཞས་ཀྱི་ཐོག་ལ་ཚོར་བ་ཤུགས་ཆེན་པོ་སླེབས་ཀྱི་འདུག གཞས་དེ་ཚོ་ལོ་བརྒྱ་ཕྲག་མང་པོ་རིང་ཕ་ཐོག་བུ་ཐོག་བརྒྱུད་ནས་སླེབས་པ་ཞིག་རེད། ཡར་རྒྱས་གཏོང་སྐབས་རྩ་བ་དེ་ལ་གཏུག་དགོས་པ་དང་དེའི་རིགས་ལ་དོ་སྣང་དགོས་པ་རེད། ད་ལྟ་གཞས་ག་རེ་གཏོང་གི་ཡོད་ཧ་མི་གོ་བ་ལྟ་བུ་དང། བརླག་རྒྱུའི་ཉེན་ཁ་ཡོད་པ་རེད། བོད་གཞས་ཡག་པོ་ཆགས་རྒྱུར་བོད་ཡིག་བོད་སྐད་ཡིན་གཅིག་མིན་གཉིས་ཡག་པོ་དགོས་པ་རེད། དེང་དུས་ཀྱི་རོལ་ཆའི་སྐོར་ཤེས་དགོས་པ་རེད། དེ་འདྲ་སྣ་ཁ་ཁག་ཅིག་ཚང་དགོས་པ་རེད་མ་གཏོགས། དེང་དུས་ཀྱི་རོལ་ཆ་གཞས་མཉམ་དུ་དཀྲོལ་བ་ཙམ་གྱིས་དེང་དུས་ལྟ་བུ་ཆགས། བོད་གཞས་གཏོང་མཁན་ཚོར་བོད་དུ་རྒྱ་ནག་དང་ཀོ་རི་ཡ་སོགས་ཀྱི་ཤུགས་རྐྱེན་ཆེན་པོ་འདུག རྒྱ་གར་དུ་ཡོད་མཁན་ཚོར་རྒྱ་གར་དང་བལ་ཡུལ་གྱི་ཤུགས་རྐྱེན་ཆེན་པོ་རེད། དེ་འདྲའི་དཀྱིལ་དུ་ང་ཚོས་གཞི་འཛིན་ས་དེ་སྲོལ་རྒྱུན་བྱེད་དགོས་པ་རེད་བསམ་གྱི་འདུག སྲོལ་རྒྱུན་གཅིག་པུ་དགོས་ཀྱི་འདུག་ཟེར་གྱི་མེད་མོད། དེང་དུས་ཡིན་ནའང་སྲོལ་རྒྱུན་གཞི་འཛིན་ས་ཞིག་མེད་ན་ཕུགས་ལ་ཞེ་དྲག་གནས་ས་མ་རེད་བསམ་གྱི་འདུག རྒྱ་གར་གྱི་གཞས་གཏོང་སྐབས་ཚོར་བ་གཅིག་དང། བོད་གཞས་གཏོང་སྐབས་ཚོར་བ་གཅིག་ཡོད་པ་རེད། ཕྱི་རྒྱལ་ཁག་ཏུ་ཨ་ཧྥི་རི་ཁ་དང་ཁ་ཆེ་ཚང་མའི་ནང་དེང་དུས་ཀྱི་གཞས་ཡག་པོ་གཏོང་མཁན་མང་པོ་རེད། དེ་ཚོ་མང་པོ་ཞིག་ལ་སྲོལ་རྒྱུན་གྱི་རྩ་བ་ཡག་པོ་འདུག དེང་དུས་ཀྱི་གཞས་བཏང་ནའང། རྩ་བ་དེ་མ་བརླག་ན་ཉན་པ་པོ་ཡིན་ནའང་དོ་སྣང་དང་ཚོར་བ་ཞིག་སླེབས་ཀྱི་རེད།  བོད་གཞས་ཡིན་ནའང་སྲོལ་རྒྱུན་གྱི་བྲོ་བ་ཡོད་ས་དེར་ཕྱི་རྒྱལ་གྱིས་དོ་སྣང་ཡོང་གི་རེད། ང་ཚོ་ལ་ཁྲོམ་ར་ཆུང་ཆུང་རེད་མོད། རྒྱལ་སྤྱིའི་ཁྲོམ་ར་ཆེན་པོ་རེད། དེའི་ནང་ང་ཚོས་སྲོལ་རྒྱུན་གྱི་གཞས་དང་དེང་དུས་ཀྱི་གཞས་བོད་པའི་བྲོ་བ་དང་གཤིས་ཀ་ཡོད་པ་བཏང་ནས་རྒྱལ་སྤྱིའི་ཁྲོམ་རའི་ནང་དུ་འཛུལ་རྒྱུར་བསམ་བློ་གཏོང་དགོས་པ་རེད་བསམ་གྱི་འདུག

དྲི་བ། དེང་སྐབས་བོད་ནང་དུ་ཡང་གཞས་ཀྱི་སྒྱུ་རྩལ་བརྒྱུད་ནས། བོད་ཀྱི་སྐད་ཡིག་རྒྱུན་འཛིན་དགོས་སྐོར་གཏོང་གི་ཡོད་པ་དང། སྐུ་ཉིད་ཡིན་ནའང་“སེམས་གཞས་”ཞེས་པའི་ཕྲུ་གུ་ཚོའི་བོད་སྐད་ལ་དོ་སྣང་དགོས་པའི་འོད་སྡེར་ཞིག་བཏོན་འདུག དེ་ཚོས་ཕན་ཐོགས་ག་འདྲ་ཡོང་གི་རེད།
ལན།  ངས་གཞས་བཏང་ནས་ཚོང་དང་དཔལ་འབྱོར་དེ་ཚོའི་ཆེད་གང་ཡང་བྱེད་ཐུབ་མ་སོང། བྱ་དགའ་ཆུང་ཆུང་ཁག་ཅིག་རག་པ་རེད། ང་ཕྱི་རྒྱལ་དུ་སླེབས་སྐབས་སྐད་ཡིག་དེ་བརླག་འགྲོ་ཡི་ཡོད་པའི་ཚོར་སྣང་འདུག ཕྱི་རྒྱལ་དུ་ང་ཚོས་ཀ་ཁ་བསླབ་པ་ལྟར་མ་ཡིན་པར། ABCD ཟེར་ནས་བརྙན་འཕྲིན་དང་གཞས་རིགས་འདྲ་མིན་བརྒྱུད་དེ། ཕྲུ་གུའི་ཁམས་དང་མོས་པ་ལ་བརྟེན་ནས་སེམས་ནང་དུ་བརྗེད་ཐབས་མེད་པ་འཇོག་གི་ཡོད་པ་རེད། ང་ཚོའི་ཕྲུ་གུ་ཚོ་ཕྱི་རྒྱལ་དུ་བོད་སྐད་མ་ཤེས་ནས་ཕ་མས་གཤེ་གཤེ་བཏང། ག་རེ་བྱས་ནའང་ཤེས་ཀྱི་མེད་པ་རེད། དེར་བརྟེན་གཤེ་གཤེ་གཏོང་མི་དགོས་པར་དཔེ་དེབ་དང་གཞས་ཀྱི་རིགས་བཏོན་ནས། ཁོ་རང་ཚོར་དོ་སྣང་ཡོང་ཐབས་དགོས་པ་རེད། ང་ཚོ་མི་འབོར་ཉུང་ཉུང་ཡིན་པས་བོད་ཡིག་བོད་སྐད་བེད་སྤྱོད་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད་པས། འོད་སྡེར་དེ་བཟོ་སྐྲུན་བྱས་པ་ཡིན། སྔོན་མ་ང་ཚོས་ཆབ་སྲིད་སྐོར་གྱི་གཞས་མང་པོ་བཏང་བ་རེད། ད་ཐེངས་“སེམས་གཞས་”ཞེས་པའི་འོད་སྡེར་ནང་སྐད་ཡིག་སྐོར་ལས་ཆབ་སྲིད་རིགས་གཅིག་ཀྱང་མེད་པས་བོད་ནང་དུ་འཁྱེར་ཐུབ་ན་ཕན་ཐོགས་ཡོང་གི་རེད་བསམ་སོང་།

དྲི་བ། གཞས་གཏོང་མཁན་དང་རྩོམ་པ་པོ་སོགས་སྤྱི་ཚོགས་ནང་མིག་དཔེ་ལྟ་ས་ཞིག་རེད་མོད། དེང་སྐབས་བོད་པའི་གཞས་པ་ཁག་ཅིག་གིས་གཞས་གཏོང་སའི་སྡིངས་ཆའི་ཐོག་འགྲོ་སྐབས་ཨ་རག་བཏུང་ནས་འགྲོ་ཡི་འདུག དེའི་ཐོག་དགོངས་ཚུལ་གང་ཡོད།
ལན། སྤྱིར་བཏང་ཨ་རག་བཏུང་ནས་གཞས་གཏོང་སྐབས་ཚོར་བ་ལ་ཁྱད་པར་ཅུང་ཡོད་ཟེར་གྱི་ཡོད་པ་རེད་ལ། དེ་འདྲ་ལུགས་སྲོལ་ཞིག་འདུག ཡིན་ནའང་དེ་ཡག་པོ་མ་རེད། གཞས་པ་སྐད་གྲགས་ཅན་ཁ་ཤས་ཀྱིས་ཁོ་རང་ཚོས་ག་རེ་བྱས་ཀྱང་རང་དབང་ལྟ་བུ་བྱེད་ཀྱི་འདུག་མོད། གཞས་པ་ཚད་ལྡན་ཚོས་དེ་འདྲ་བྱེད་ཀྱི་མི་འདུག ཨ་རག་བཏུང་ནས་གཞས་གཏོང་བ་དེ་ཡག་པོ་མ་རེད། དེ་བཞིན་གཞས་པ་འགའ་རེས་བླ་མ་ཆེན་པོ་དེ་ཚོར་བསྟོད་གཞས་གཏོང་གི་འདུག དངོས་གནས་སེམས་གཏིང་གི་དད་པ་ཡིན་ན་འགྲིག་པ་རེད། དེ་མིན་མི་འགུག་པའི་ཆེད་དུ་དེའི་རིགས་བྱས་ན། སྒྱུ་རྩལ་གྱི་ངོ་བོར་གནོད་ཀྱི་རེད།།

{jcomments on}