མའོ་ཡུལ་དམག་དམིགས་བསལ་ཚོགས་པར་རྩིས་སྤྲོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཞི་འགྲིག་ལས་ཁུངས་ (United Nations Mission in Nepal) ཞེས་པ་བལ་ཡུལ་ནས་ཕྱིར་བསྡུ་བྱས་བའི་བདུན་ཕྲག་གཅིག་ཙམ་ལས་མ་འགོར་བར། ཟླ་འདིའི་ཚེས་ ༢༢ ཉིན་བལ་ཡུལ་རྒྱལ་ནང་གི་དམར་ཕྱོགས་མའོ་རིང་ལུགས་ཆབ་སྲིད་ཚོགས་པའི་མི་དམངས་ཡུལ་དམག་ཁྲི་ཚོ་བརྒལ་བ་ཚང་མ་ཛ་དྲག་གསར་བཙུགས་བྱས་མ་ཐག་པའི་བལ་ཡུལ་གཞུང་འབྲེལ་གྱི་དམིགས་བསལ་ཚོགས་ཆུང་གི་སྟངས་འཛིན་འོག་ལ་འཇོག་རྒྱུར་དངོས་སུ་རྩིས་སྤྲོད་བྱས་ཡོད་པ་དང། དེའི་ཆེད་དམིགས་བསལ་མཛད་སྒོ་རྒྱ་ཆེན་ཞིག་ Chitwan རྫོང་ཁོངས་སུ་ཡོད་པའི་མའོ་མི་དམངས་ཡུལ་དམག་གི་དམག་སྒར་ཐང་ཆེན་ལ་ཚོགས་ནས། མཛད་རིམ་ཁག་བརྙན་འཕྲིན་དང་རླུང་འཕྲིན་གསར་ལམ་ཁག་ལ་ཐད་གཏོང་བྱས་ཡོད་པ་རེད། སྐབས་དེར་རྒྱལ་ཁབ་ཀྱི་མཐོ་རིམ་གནད་ཡོད་མི་སྣ་དང་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་བཅས་མཉམ་ཞུགས་བྱས་ཡོད་ཐོག། སྲིད་བློན་ Madhav Kumar Nepal དང་མའོ་ཚོགས་པའི་འགོ་ཁྲིད་ Pushpa Kamal Dahal གཉིས་བར་ཕན་ཚུན་མོས་མཐུན་གྱི་གན་རྒྱར་མིང་རྟགས་བཀོད་རེས་བྱས་ཡོད་པ་རེད། སྐབས་དེར་ལོ་ན་ ༥༥ ཙམ་གྱི་ས་གནས་ཞིང་པ་རྒན་པོ་ཞིག་གིས་ཁོ་རང་དམག་སྒར་འདིའི་མཛད་སྒོ་ཁག་འདྲ་མིན་ལ་ཐེངས་ཁ་ཤས་ཞུགས་མྱོང་ཡང། དམར་ཕྱོགས་པའི་དར་ཆ་དང་། དམར་ཕྱོགས་མའོ་སོགས་འགོ་ཁྲིད་རིམ་པའི་འདྲ་པར། དམར་པོའི་གླུ་གཞས་སོགས་མེད་པའི་མཛད་སྒོ་ཐོག་མ་དེ་ཡིན་པས། གློ་བུར་ཡིད་མ་ཆེས་པ་ཞིག་བྱུང་ཞེས་གསར་འགོད་པར་བཤད་འདུག།
ཆབ་སྲིད་མཁས་པ་ཚོས་འདས་བའི་ལོ་ཤས་རིང་བལ་ཡུལ་རྒྱལ་ཁབ་ཀྱི་ཆབ་སྲིད་དཀའ་རྙོག་སེལ་མ་ཐུབ་པ་དང་། ལྷག་དོན་གཞུང་དང་དམར་ཕྱོགས་རིང་ལུགས་པའི་བར་གྱི་འགལ་ཟླའི་རྩོད་རྙོག་གཙོ་བོ་དེ་ཡང་དམར་ཕྱོགས་མའོ་རིང་ལུགས་པའི་མི་དམངས་ཡུལ་དམག་དེ་ཚོ་གཞུང་དམག་ཁོངས་སུ་འཇུག་རྒྱུའམ། ཡང་ན་དེ་འབྲེལ་གྱི་ཁོང་ཚོའི་མདུན་ལམ་ཐག་གཅོད་བྱེད་ཕྱོགས་དེ་ཡིན་པར་ངོས་འཛིན་བྱེད་བཞིན་ཡད་པ་རེད། ད་ཆ་གློ་བུར་མི་གྲངས་༡༩༠༠༠ ལྷག་ཡོད་པའི་ཡུལ་དམག་དེ་དག་གཞུང་འབྲེལ་དམིགས་བསལ་ཚོགས་ཆུང་ལ་རྩིས་སྤྲོད་བྱས་ཟིན་སྟབས། ཞི་འགྲིག་ལས་དོན་དང་སྲིད་གཞུང་གསར་འཛུགས་བྱེད་རྒྱུ་སོགས་རྒྱལ་ཁབ་ཀྱི་གནད་འགག་ལས་དོན་ཁག་བསྒྲུབ་རྒྱུ་དང་། རྒྱལ་ནང་ལ་སྲིད་བརྟན་ཞི་བདེ་བསྐྲུན་རྒྱུར་བཟང་ཕྱོགས་ཀྱི་གོམ་སྟབས་གཅིག་སྤོས་པ་ཡིན་པའི་རེ་བ་བྱེད་མཁན་ཡང་ཡོང་བཞིན་འདུག དེའི་ཐད་ཨ་རིའི་གཙོས་ཕྱིའི་རྒྱལ་ཁབ་ཁག་གིས་ཀྱང་དགའ་བསུ་བྱས་ཐོག་གནས་ཚུལ་དེ་ནི་གཏམ་བཟང་དང་ཞི་བདེ་ཞི་འགྲིག་ཡོང་རྒྱུའི་རྨང་གཞིའི་གོམ་སྟབས་ཡིན་པ་སོགས་གསུངས་ཡོད་པ་རེད།
གནས་ཚུལ་དེ་ནི་བལ་ཡུལ་ནང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཞི་འགྲིག་ལས་ཁུངས་ཕྱིར་བསྡུ་བྱས་མ་ཐག་པའི་ཉིན་གྲངས་ཁ་ཤས་རྗེས་བྱུང་བ་དང་། གཞུང་འབྲེལ་དམིགས་བསལ་ཚོགས་པ་དེའི་ནང་བལ་ཡུལ་གྱི་སྲིད་བློན་གྱིས་སྣེ་ཁྲིད་པའི་ཕྱོགས་ཚང་མའི་གནད་ཡོད་མི་སྣ་བཅུ་ཕྲག་ཁ་ཤས་ཡོད་འདུག།། བལ་ཡུལ་ས་གནས་གསར་འགོད་པས།
{jcomments on}