བོད་དང་ཐེ་ཝན་གཉིས་རྒྱ་ནག་གི་དོ་སྣང་བྱེད་ས་གཙོ་བོ་དེ་ཡིན།

ཟླ་འདིའི་ཚེས་༢༡ ཉིན་ཨ་རིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་ཤར་ནུབ་ཀྱི་སྟོབས་ཆེན་རྒྱལ་ཁབ་ཨ་རྒྱ་གཉིས་ཀྱི་སྲིད་འཛིན། ཨ་རིའི་རྒྱལ་ས་ཝོན་ཤིང་ཊོན་དུ་ཐུག་འཕྲད་བྱས་ཡོད་པ་དང། དུས་རབས་༢༡ པའི་དཔལ་འབྱོར་ཉམས་གུད་ཀྱི་དཀའ་ངལ་ཁྲོད་དུ། ཨ་རྒྱ་ཕྱོགས་གཉིས་ཀྱི་ཚོང་འབྲེལ་ནི་མེད་དུ་མི་རུང་བ་ཞིག་ཆགས་ཡོད་པ་དང།  ཨ་རིས་མང་གཙོའི་གཞུང་གི་ལྟ་གྲུབ་ཐོག་ནས། འགྲོ་བ་མིིའི་ཐོབ་ཐང་དང་འབྲེལ་ནས་དཀའ་སྡུག་མྱོང་བཞིན་པའི་རྒྱལ་ཁབ་དང་། མི་རིགས་གང་ཞིག་གི་གནད་དོན་གླེང་སློང་བྱས་དང་བྱེད་བཞིན་པ་ཡིན་རུང། ལོ་༦༠ ལྷག་ཙམ་སོང་ཟིན་པའི་རྒྱ་ནག་དམར་ཕྱོགས་གཞུང་ནི། སྔོན་དུས་ཀྱི་དམར་གཞུང་གི་ལོ་རྒྱུས་ནང་བྱུང་མེད་པའི་ཆབ་སྲིད་དང་དམག་དོན། དཔལ་འབྱོར་སོགས་ཀྱི་ནུས་སྟོབས་ཆེན་པོ་ཆགས་ཡོད་པས། ཕྱོགས་གཉིས་ཀའི་ལྟ་གྲུབ་གླེང་སློང་ནི་ཆོ་ག་ཕྱག་ལེན་ལྟ་བུའི་ཐོག་ནས་སོང་ཡོད་པ་རེད།

རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་ཨ་རིར་སྐོར་བསྐྱོད་ཡོང་བ་དང་བསྟུན་ནས། ཨ་རིའི་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་ཨོ་བྷ་མས་གཙོས། ཆེས་མཐོའི་དཔོན་རིགས་ཁག་དང་གྲོས་ཚོགས་འཐུས་མི། གློག་བརྙན་འཁྲབ་སྟོན་པ། ཚོང་པ་སོགས་ལྷན་འཛོམས་བྱས་ནས་དགོང་དྲོའི་གསོལ་ཚིགས་བཏང་ཡོད་པ་དང།  སྐབས་དེར་སྲིད་འཛིན་གཉིས་ཀྱི་ངོས་ནས་ཚོང་དོན་དང་དཔལ་འབྱོར་སོགས་ཀྱི་གནད་དོན་ཐད་གཏམ་བཤད་སྤེལ་ཡོད་པ་རེད། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་ཕི་ལོ་སི་སོགས། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རིགས་གཅིག་གསོལ་སྟོན་དེའི་ཐོག་བཅར་མེད་པ་དང། སྐབས་དེར་གསར་འགོད་པ་སོགས་ཀྱིས། སྲིད་འཛིན་ཧུའུ་ལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལིའུ་ཞའོ་པོ་དང་། འགྲོ་བ་མིའི་ཐོབ་ཐང་སྐོར་ལ་དྲི་བ་གཏོང་སྐབས། སྐད་སྒྱུར་གྱིས་ཇི་བཞིན་མ་བསྒྱུར་བ་དང་གློག་ལ་སྐྱོན་ཤོར་ཚུལ་བཅས་ལ་ཁ་གཡར་ནས་ལན་ཁ་གསལ་བརྒྱབ་མེད་པ་རེད།

meting durring the dinnerཔེ་ཅིང་ནས་བྷི་བྷི་སིའི་གསར་འགོད་པས། རྒྱ་ནག་གི་བརྙན་འཕྲིན་ཚོང་ཁང་སོགས་སུ་མི་མང་པོ་འཛོམས་ནས། སྲིད་འཛིན་ཧུའུ་དང་ཨོ་བྷ་མ་གཉིས་ཀྱི་གཏམ་བཤད་ལ་ཉན་པ་དང། ཨ་རི་གཞུང་གིས་སྣེ་ལེན་ཞུ་སྟངས་དང་ཕོ་བྲང་དཀར་པོའི་གསོལ་ཚིགས་སོགས་ཐད་གཏོང་བརྙན་འཕྲིན་ལྟ་བཞིན་པའི་སྐབས། རྒྱ་ནག་ལ་སྐྱོན་འཛུགས་དང་ངོ་རྒོལ་གྱི་དྲི་བ་སོགས་ཡོང་སྐབས། གློ་བུར་དུ་བརྙན་འཕྲིན་གྱི་ཁ་ཕྱོགས་བསྒྱུར་ནས་ནག་པོ་ཆགས་ཡོད་པ་དང། དམིགས་སུ་བཀར་ནས་བོད་དང་ཡུ་གུར། རྒྱ་རིགས་མང་གཙོ་དོན་གཉེར་བ་སོགས་ཀྱི་ངོ་རྒོལ་པར་རིས་རྣམས་ཟུར་ཙམ་ཡང་བསྟན་མེད་པ་རེད་ཅེས་བརྗོད་ཡོད་པ་རེད།

མཐའ་མཇུག་གསར་འགོད་ལྷན་ཚོགས་ཀྱི་ཐོག་ཏུ་སྲིད་འཛིན་ཧུའུ་ཡིས། ཨ་རྒྱ་ཕྱོགས་གཉིས་ཀྱི་འབྲེལ་བ་འདི། ཕན་ཚུན་བརྩི་བཀུར་གྱི་ཐོག་ནས་གནས་དགོས་པ་ལས། རང་རྒྱལ་གཞན་ཕམ་གྱི་འཐབ་རྩོད་ཀྱི་འབྲེལ་བའི་ཐོག་ནས་གནས་ཐབས་མེད་པ་དང། ཨ་རྒྱ་གཉིས་ཀའི་ངོས་ནས་འཛམ་གླིང་འདིའི་རྒྱལ་ཁབ་ཡོངས་ཀྱི་འབྲེལ་ལམ་དམ་དུ་བཏང་ནས། སྤྱི་ལ་འཁྲི་བའི་འོས་འགན་དང་གདོང་ལེན་གྱི་གནས་བབ་ཐོག་བསྐྱོད་ཐུབ་པ་བྱེད་དགོས་པ་དང། ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་དང་ས་ཁུལ་ཁག་ནང་ཞི་བདེ་དར་འཕེལ་དང་། བདེ་འཇགས་བརྟན་སྲུང། མངའ་ཐང་དར་རྒྱས་གཏོང་བར་ཨ་རྒྱ་གཉིས་ཀས་འགན་འཁུར་ཕྲག་ཏུ་བླངས་ནས་བསྡད་དགོས་པ་དང། བོད་དང་ཐེ་ཝན་གཉིས་ཀྱི་རང་བཙན་གྱི་བདག་དབང་དང་། ས་ཁུལ་ཆིལ་སྒྲིལ་བཅས་ལ་ད་ལྟའི་སྐབས་རྒྱ་ནག་དབུས་གཞུང་གིས་དོ་སྣང་དང་བདག་གཅེས་བྱེད་ས་གཙོ་བོ་དེ་ཡིན་ཞིང། ཨ་རྒྱ་ཕྱོགས་གཉིས་ཀས་རང་རང་གི་བདག་གཅེས་བྱེད་སའི་གནད་དོན་གཙོ་བོ་ཁག་ལ་མཐོང་ཆེན་བྱས་ན། ང་ཚོའི་འབྲེལ་བ་དེ་ཞི་འཇམ་དང་སྲ་བརྟན་ངང་འཕེལ་རྒྱས་འགྲོ་ངེས་རེད་ལ། དེ་ལས་ལྡོག་ན་ཕྱོགས་གཉིས་ཀར་དཀའ་ངལ་དང་སེམས་འཚབ་ཡོང་ངེས་རེད་ཅེས་སོགས་བརྗོད་ཡོད་པ་རེད།

ཨ་རིའི་སྲིད་འཛིན་ཨོ་བྷ་མས། ཨ་རི་གཞུང་གིས་ཐེ་ཝན་དང་བོད་གཉིས་རྒྱ་ནག་གི་ཆ་ཤས་ལ་ངོས་འཛིན་བྱེད་ཀྱི་ཡོད་རུང། བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་དང་། རྒྱ་ནག་གཞུང་གཉིས་དབར་གྲོས་མོལ་གྱི་ལམ་ནས། བོད་རྒྱའི་དཀའ་ངལ་སེལ་དགོས་པ་ཨ་རི་གཞུང་གིས་ནན་བརྗོད་བྱེད་ཀྱི་ཡོད་པ་དང། དེ་བཞིན་ཐེ་ཝན་གྱི་བདེ་སྲུང་ལ་ཨ་རིས་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད། དེ་དང་འབྲེལ་ནས་རྒྱ་ནག་གིས་མེ་སྒྱོགས་ཚོད་ལྟ་དང། བྱང་ཀོ་རི་ཡའི་གནད་དོན་བཅས་ཀྱི་ཐད་ལ། ཉི་ཧོང་དང་ཨ་རིའི་ཕྱོགས་ནས་སེམས་ཁུར་ཡོད་ལུགས་སོགས་འགྲེལ་བརྗོད་བྱས་ཡོད་པ་རེད། ད་ཐེངས་སྲིད་འཛིན་ཧུའུ་ཨ་རིར་སྐོར་བསྐྱོད་དང་བསྟུན་ནས། ཨ་རྒྱ་ཕྱོགས་གཉིས་དབར་ཨ་སྒོར་ཐེེར་འབུམ་༤༥ ཚོང་དོན་ལ་གན་རྒྱའི་མིང་རྟགས་བཀོད་ཡོད་པ་རེད།

ཨ་རྒྱ་གཉིས་ཀྱི་རྩོད་གཞི་གཙོ་བོ་དངུལ་ལོའི་འཛའ་ཐང་ཐད་ལ་དེ་ཙམ་གསལ་ཁ་བྱུང་མེད་པས། ཨ་རིའི་ཚོང་པ་མང་པོ་ཞིག་གིས་རྒྱ་ནག་ལ་སྐྱོན་བརྗོད་འདྲ་མིན་སྤེལ་ཡོད་པ་དང། དེ་བཞིན་སྔོན་དུས་ཨ་རིའི་གྲོས་ཚོགས་སུ་རྒྱ་ནག་གི་དངུལ་ལོའི་འཛའ་ཐང་སྒྱུར་བཅོས་མ་བྱས་ན། ཁྲིམས་གཏུག་བྱེད་དགོས་པའི་གྲོས་ཆོད་བཞག་ཡོད་པ་ལྟར། ད་ཐེངས་ཨ་རིའི་ཆབ་སྲིད་མི་སྣ་ཚོས་ཀྱང་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ལས་འགུལ་བ་ཚོས། ལིའུ་ཞའོ་པོ་གློད་གྲོལ་གཏོང་དགོས་ཟེར་བ་དང། བོད་དང་ཡུ་གུར་བ་ཚོར་ཆོས་དང་སྐད་ཡིག་སྲུང་སྐྱོབ་ཀྱི་ཐོབ་ཐང་སྤྲོད་དགོས་ཟེར་བ་སོགས་ཀྱི་ངོ་རྒོལ་དང་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་རེད།།

{jcomments on}