རྫོགས་ཆེན་མཁན་སྤྲུལ་ལྷན་འཚོགས་ཐེངས་གཉིས་པ།

ལྷན་ཚོགས་དེའི་ཐོག་གཞིས་དགོན་༣༣ གྱི་སྐུ་ཚབ་འཐུས་མི་དངོས་སུ་འབྱོར་ཡོད་པ་དང་། དགོན་སྡེ་༡༨ ཀྱིས་གསུངས་འཕྲིན་ཡང་འབྱོར་ཡོད་འདུག རྫོགས་ཆེན་བསྟན་བདག་རྣམ་གསུམ་གྱི་ཡ་གྱལ་དགེ་མང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། གཏེར་སྟོན་ཉི་གྲག་མཆོག་སྤྲུལ་སོགས་སྤྲུལ་སྐུ་དང་། བླ་མ། མཁན་པོ། སློབ་དཔོན་སོགས་དགེ་འདུན་པ་ཞལ་གྲངས་༤༠ ལྷག་དངོས་སུ་ཚོགས་ཞུགས་གནང་ནས། གྲུབ་དབང་རྫོགས་ཆེན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཕྱོགས་དང་འབྲེལ་བའི་ཐོག་གོ་བསྡུར་བགྲོ་གླེང་གནང་ཡོད་པ་རེད།

མཐའ་དོན་སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་བོད་དུ་གདན་ཞུ་དགོས་པ་དང་། གྲུབ་དབང་རྫོགས་ཆེན་པའི་མ་དགོན་བུ་དགོན་རྣམས་ཀྱིས་གཙོས་པའི་ཆོས་ཚོགས་དང་།
སྡེ་ཚན། འབྲེལ་ཡོད་ཚང་མས་སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེའི་ཐུགས་དགོངས་ལྟར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། ཕན་ཚུལ་འབྲེལ་ལམ་བྱེད་དགོས་སྐོར་སོགས་དང་། སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེའི་སྐུ་ཚེ་ཡུན་དུ་བརྟན་ཕྱིར་ཞབས་རིམ་གསོག་སྒྲུབ་བྱེད་རྒྱུ་སོགས་ལ་གྲོས་ཆོད་བཞག་ཡོད་པ་རེད། མཇུག་སྡོམས་ཚོགས་འདུའི་ཐོག་སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་གདན་ཞུ་བྱས་ནས། ཚོགས་འདུའི་གྲོས་ཆོད་ཁག་སྒྲོགས་སྦྱང་གནང་རྗེས་སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་མཆོག་གིས་ཚོགས་འདུ་དམིགས་ཡུལ་ལྡན་པ་དང་། འགན་ཁུར་ཡོད་པའི་ཡག་པོ་བྱུང་འདུག་པས་བསྔགས་བརྗོད་ཡོད་ཅེས་གསུངས་པ་དང་སྦྲགས། ཁོང་གིས། “རྣམས་པ་ཚོས་ང་ལ་ཚེ་སྒྲུབ་ཀྱི་ཐོག་ལ་ཐུགས་ཁུར་རྒྱ་ཆེན་པོ་བཞེས་འདུག དངོས་གནས་དྲང་གནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ང་རང་ལ་ཚེ་རིང་མ་རིང་ཞིག་ཡོད་ས་མ་རེད་དེ། ང་ཚེ་རིང་ན་བསྟན་པ་འདི་ལ་ཞབས་ཕྱི་ཞུ་ཐུབ་པའི་དམིགས་ཡུལ་བྱས་ན། གང་ལྟར་ང་སྒེར་ལ་རྒྱབ་སྐྱོར་ཅིག་དགོས་པ་མི་འདུག་སྟེ། ངའི་མིང་དེ་རྫོགས་ཆེན་རིན་པོ་སྐུ་ཕྲེང་བདུན་པའི་མིང་དེ་ཡིན་པས། ཡག་ན་སྡུག་ན་ང་རང་གིས་རྫོགས་པའི་བསྟན་པ་སྤྱིའི་འགན་དེ་ཁུར་དགོས་པ་རེད། ང་རང་སྲ་ཐག་ཐག་གིས་གཞི་རྩ་བརྟན་པོ་ཞིག་ཚུགས་སོང་ན། རྫོགས་ཆེན་པའི་བསྟན་པ་སྤྱི་ལ་ཕན་ཐོགས་ཀྱི་རེད། ང་ལ་དཀའ་ངལ་འཕྲད་ཡོང་དུས་རྫོགས་ཆེན་སྤྱིའི་བསྟན་པ་ལ་དཀའ་ངལ་འཕྲད་བསྡད་པ་ཞིག་ཆགས་ན། ང་རང་ཚོའི་བརྒྱུད་པ་དེའི་དོན་དུ། རྫོགས་པའི་བསྟན་པ་དེའི་དོན་དུ་ང་ལ་རྒྱབ་སྐྱོར་དགོས་པ་དེ་གནད་འགག་རེད་བསམ་གྱི་ཡོད་”ཅེས་དང་།

ཁོང་གིས་མུ་མཐུད་མཐུན་སྒྲིལ་དང་མཉམ་འཛོམས་གལ་ཆེ་བའི་སྐོར་གསུང་དོན། “ང་རང་ཚོས་ཕན་ཚུན་འབྲེལ་བ་བྱེད་དགོས་པ་འདུག ཕར་རོགས་ཚུར་རོགས་བྱེད་དགོས་འདུག རྡོག་རྩ་གཅིག་སྒྲིག་བྱས་ནས་མ་འོངས་པའི་ཕྱོགས་ལ་ག་རེ་བྱེད་དགོས་པ་འདུག་བལྟ་དགོས་པ་རེད། ཛོགས་ཆེན་ཚང་ལ་མི་འཇོན་པོ། མཁས་པ་ཚང་མ་ཡོད་པ་རེད་མོད། ཚང་མ་ཁ་འཐོར་འདུག དེ་ཚང་མ་ང་རང་ཚོས་རུག་རུག་ཅིག་བྱེད་ཐུབ་པ་ཡིན་ན་ཡག་པོ་འདུག ད་ཐེངས་ཀྱི་ཚོགས་ཆེན་འདིས་ཐོར་བསྡད་པའི་སུམ་ཆ་གཅིག་རུག་རུག་བྱས་འདུག ཚོགས་ཆེན་གསུམ་པ་དང་། ཚོགས་ཆེན་བཞི་པ་ལ་ཆ་ཚང་འཛོམས་ཐུབ་པའི་རེ་བ་ཡོད་”ཅེས་གསུངས་སོང།

རྗེས་ཚོགས་འདུ་མཇུག་བསྡོམས་བྱས་ཡོད་པ་དང་། ཚེས་༢༤ ཉིན་རྫོགས་ཆེན་དགོན་དུ་ཉིན་གཅིག་གི་རང་ལ་དོན་ལྡན་གླིང་གྲོང་སྡེ་ཁག་དང་། སློབ་གྲྭ དགོན་པའི་དགེ་འདུན་པ་བཅས་ཀྱི་དགའ་སྤྲོའི་གླུ་བྲོ་འཁྲབ་ནས་དགའ་སྟོན་བྱས་ཡོད་པ་རེད། དེ་ཡང་སྐྱབས་རྗེ་ཛོགས་ཆེན་སྐུ་ཕྲེང་བདུན་པ་འཇིགས་མེད་བློ་གསལ་དབང་པོ་མཆོག་ནི་པན་ཆེན་བི་མ་ལ་མི་ཏྲའི་ངོ་མཚར་སྤྲུལ་པའི་ཟློས་གར། གྲུབ་པའི་དབང་ཕྱུག་ཆེན་པོ་རྫོགས་ཆེན་པདྨ་རིག་འཛིན་མཆོག་གི་སྐུ་ཕྲེང་བདུན་པ་ཡིན་པ་དང་། ཕྱི་ལོ་ ༡༩༦༤ ལོར་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ། ཡབ་རིག་འཛིན་ཁྲག་འཐུང་བདུད་འདུལ་རྡོ་རྗེའི་གདུང་རྒྱུད་གདུང་སྲས་ཆེ་དབང་དཔལ་འབྱོར་དང་། ཡུམ་ལྭ་དཀར་ཚང་པདྨ་ཚེ་རིང་དབང་མོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས། དེ་ཡང་རྡོ་གྲུབ་སྐུ་ཕྲེང་བཞི་པ་ཐུབ་བསྟན་ཕྲིན་ལས་མཆོག་གིས་མཆོག་སྤྲུལ་ཚང་ཡུམ་གྱི་མངལ་དུ་བཞུགས་དུས་ནས་རྫོགས་ཆེན་སྐུ་ཕྲེང་བདུན་པའི་ཡང་སྲིད་དུ་ངོས་འཛིན་གནང་ཞིང་། ༡༩༧༢ ལོའི་ཟླ་ ༨ ཚེས་ ༨ ཉིན་འབྲས་ལྗོངས་ཕོ་བྲང་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་དུ་རྫོགས་ཆེན་སྐུ་ཕྲེང་བདུན་པའི་གསེར་ཁྲིར་མངའ་གསོལ་བྱས། རིམ་བཞིན་བསླབ་པ་སློབ་གཉེར་མཐར་ཕྱིན་པ་བྱས་ཤིང་། རྗེས་སུ་ ༡༩༩༢ ལོར་༸གོང་ས་སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་ཀོ་ལེ་གྷལ་དོན་ལྡན་གླིང་དུ་འཕགས་ཡུལ་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་རྟེན་བརྟེན་པ་དང་བཅས་གསར་བཞེངས་ལེགས་གྲུབ་གནང་སྟེ།
ད་ལྟ་དོན་ལྡན་གླིང་སེར་སྐྱ་མི་ཡོངས་ཀྱི་འདི་ཕྱིའི་སྐྱབས་གནས་སུ་གྱུར་ཡོད་པས་མ་ཚད།
བོད་ཕྱི་ནང་གི་གྲུབ་དབང་རྫོགས་ཆེན་པའི་ལྷ་སྡེ་མི་ཚང་མའི་འདི་ཕྱིའི་རེ་ཕུགས་ཀྱི་དམ་པར་གྱུར་ཞིང་འཛམ་གླིང་ཐ་གྲུ་ཀུན་མཛད་འཕྲིན་ཉི་ཟླའི་གཟི་འོད་དང་མཉམ་པར་གྱུར་ཏེ། རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་གྲུབ་དབང་རྫོགས་ཆེན་པའི་གཞི་རྐང་ཡར་རྒྱས་སྲ་བརྟན་གྱི་ཆེད་དུ་སྐུ་ངལ་བསྐྱོན་དང་བསྐྱོན་བཞིན་པ་བཅས་སོ།
མེ་སོར་གསར་འགོད་པས། དོན་ལྡན་གླིང་རྫོགས་ཆེན་དགོན་ནས།

{jcomments on}