ཨུ་རུ་སུའི་རྒྱལ་སྤྱིའི་གནམ་ཐང་དུ་འབར་རྫས་གས་འཐོར།

ཟླ་འདིའི་ཚེས་༢༤ ཉིན་རྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་གནམ་ཐང་གི་འགྲུལ་པ་མང་ཤོས་འགྲོ་ས་དང་། དེ་ཡང་རྒྱལ་ཁབ་གཞན་ནས་ཡོང་བའི་ཚོང་པ་དང་ཡུལ་སྐོར་སྤྲོ་འཆམ་པ། ཆབ་སྲིད་མི་སྣ་གནད་ཡོད་ཁག་འགྲོ་སའི་རྒྱལ་སྤྱིའི་གནམ་ཐང་དུ་འབར་རྫས་གས་འཐོར་བྱུང་ཡོད་པ་རེད། འབར་རྫས་གས་འཐོར་བྱུང་དོན་གཙོ་བོ་ནི། ཨུ་རུ་སུའི་གཞུང་གི་སྟངས་འཛིན་འོག་ཏུ་ཁ་ཆེའི་གྲངས་ཉུང་མི་རིགས་ཤིག་ཡོད་པ་དང། དེ་དག་གིས་ལོ་མང་རིང་རང་བཙན་གྱི་བདག་དབང་རྩོད་བཞིན་ཡོད་རུང།  ད་དུང་ཡང་ཨུ་རུ་སུ་གཞུང་གིས་ངོས་ལེན་བྱས་མེད་པས། ཁ་ཆེའི་གྲངས་ཉུང་མི་རིགས་དེ་དག་གིས་སློབ་གྲྭ་དང་གློག་བརྙན་ཁང།  མེ་འཁོར་འབབ་ཚུགས། གནམ་ཐང་སོགས་སུ་རང་སྲོག་བློས་གཏོང་གིས་དྲག་སྤྱོད་མང་པོ་སྤེལ་བཞིན་པ་དང། ཉེ་དུས་བུད་མེད་འགས་ལུས་ལ་འབར་རྫས་བསྡམས་ནས་ཁྲོམ་གཞུང་ཁག་ཏུ་འབར་རྫས་གས་འཐོར་བཏང་ཡོད་པ་རེད།

ཨུ་རུ་སུའི་སྲིད་འཛིན་གྱིས། རྐྱེན་ལམ་དུ་སོང་བ་དང་རྨས་སྐྱོན་ཕོག་པའི་ནང་མི་གཉེན་འབྲེལ་ཚོར་སེམས་གསོའི་གཏམ་བཤད་སྤེལ་བ་དང་སྦྲགས་ནས། ད་ཐེངས་ཀྱི་དྲག་སྤྱོད་འདི་སྔོན་དུས་ལྟར་འཇིགས་སྐུལ་རིང་ལུགས་པའི་ངན་ཇུས་ཡིན་པས། གཞུང་གི་ངོས་ནས་བརྟག་དཔྱད་དཔྱིས་ཕྱིན་པ་བྱས་ཏེ་འཇིགས་སྐུལ་རིང་ལུགས་པ་རྣམས་འཛིན་བཟུང་དགོས་པ་དང། ཨུ་རུ་སུའི་ནང་ཡོད་པའི་ཕྱོགས་ལྷུང་རིང་ལུགས་པ་རྣམས། ཕྱི་རོལ་དུ་ཡོད་པའི་འཇིགས་སྐུལ་རིང་ལུགས་པ་ཁག་དང་ཟླ་སྒྲིལ་བྱས་ཡོད་པས། བདེ་སྲུང་མི་སྣ་ཚོས་བདེ་འཇགས་བརྟན་སྲུང་བྱེད་རྒྱུ་གལ་ཆེན་ཡིན་ཞེས་བརྗོད་ཡོད་པ་རེད།

ཨུ་རུ་སུའི་དམར་གཞུང་མང་གཙོ་ཅན་དུ་འགྱུར་ནས་ལོ་བཅུ་ཕྲག་གཉིས་ཙམ་སོང་བའི་རིང་། དཔལ་འབྱོར་དང་མི་མང་གི་འཚོ་བ་ཡར་རྒྱས་ཆེན་པོ་སོང་ཡོད་རུང། ད་ལྟའི་སྐབས་ཨུ་རུ་སུའི་ནང་གྲང་ཉུང་མི་རིགས་མང་པོ་ཡོད་པ་དང། དེ་དག་གི་ཁྲོད་ནས་གཞུང་ལ་རང་བཙན་དང་རང་སྲིད་རང་སྐྱོང་སོགས་ཀྱི་དགོས་འདུན་འདོན་མཁན་མང་པོ་ཡོད་རུང་། གཞུང་གིས་རྒྱལ་ཁབ་ཆིག་སྒྲིལ་གྱི་རྩ་དོན་གལ་ཆེན་དུ་བརྩི་བཞིན་ཡོད་པས། གྲངས་ཉུང་མི་རིགས་ཁག་དང་གཞུང་གི་དབར་དུས་དུས་སུ་འཐབ་འཁྲུག་འབྱུང་བཞིན་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།།