དགེ་འདུན་པ་ཞིག་སྨན་ཁང་ནས་འཛིན་བཟུང་།

ཟླ་འདིའི་ཚེས་༡༥ ཉིན་བོད་ཨ་མདོ་མཛོ་དགེ་རྫོང་ཁོངས་ལྕང་ཚ་དྲན་པ་དགོན་པའི་དགེ་འདུན་པ་བཟོད་པ་ལགས་གཟུགས་གཞི་བདེ་མིན་གྱི་རྐྱེན་པས། ཟི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་གྱི་ས་གནས་གཞུང་གི་སྨན་ཁང་ཞིག་ལ་སྨན་བཅོས་ཆེད་འབྱོར་སྐབས། ས་གནས་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་མི་སྣ་དྲུག་ཙམ་(ཉེན་རྟོག་པའི་ནང་བོད་མི་གཅིག་ཡོད་འདུག)ཡོང་ནས་གསང་སྟབས་ཀྱིས་འཛིན་བཟུང་བྱས་ཡོད་འདུག། སྐབས་དེར་ཉེན་རྟོག་པས་ཁོང་འཛིན་བཟུང་བྱེད་དོན་ཐད་གསལ་བཤད་གང་ཡང་བྱས་མེད་དང་། ད་ལྟ་ཁོང་གི་ནང་མི་སྤུན་མཆེད་ཚོས་ཀྱང་གནས་སྟངས་ཁ་གསལ་མ་ཤེས་པ་མ་ཟད། གང་དུ་ཁྲིད་ཡོད་ཀྱང་མ་ཤེས་པར་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་འདུག

དགེ་འདུན་པ་ཁོང་སྔོན་མ་རྒྱ་གར་ལ་བསྐྱོད་མྱོང་ཡོད་པ་དང་། སྐབས་དེའི་ཉམས་མྱོང་ལ་གཞིགས་ཁོང་གི་དགོན་པའི་དགེ་འདུན་པའི་གཙོས་ས་གནས་བོད་མི་ཚོར་སྟོང་ལ་ཉེ་བའི་གཅན་གཟན་རི་དྭགས་སེམས་ཅན་སྲུང་སྐྱོབ་དང་། དེ་དག་གི་པགས་རིགས་རྒྱན་གོས་བེད་སྤྱོད་བྱེད་མི་རུང་བ། ད་དུང་སྲུང་མ་བསྟེན་ཕྱོགས་སོགས་འབྲེལ་ཡོད་གནས་ཚུལ་སྐོར་གསལ་བཤད་དང་གོ་རྟོགས་སྤེལ་ཐབས་བྱེད་མཁན་གྱི་དགེ་འདུན་པ་ལྷག་བསམ་ཅན་ཞིག་ཡིན་པས། རྒྱུ་རྐྱེན་དེ་དག་ལ་བརྟེན་ཁོང་འཛིན་བཟུང་བྱས་པ་ཡིན་པའི་ཚོད་དཔག་ཙམ་ལས་གཞན་ཁོང་གིས་ཁྲིམས་འགལ་གྱི་བྱ་བ་བྱེད་མྱོང་མེད་པ་བཤད་བཞིན་པ་རེད།

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན་གོང་གི་དགེ་འདུན་པ་ཁོང་གི་བྱ་སྤྱོད་དེ་དག་ལ་བརྟེན། དེ་སྔོན་ས་གནས་འབྲེལ་ཡོད་ལས་ཁུངས་ནས་བསྐོང་འགུག་གིས་ཉིན་ཤས་ལ་བཀག་ཉར་འདྲི་རྩད་བྱེད་མྱོང་བ་མ་ཟད། ཐེངས་ཁ་ཤས་ལ་གཟབ་ནན་མ་བྱས་ན་དཀའ་ངལ་འཕྲད་སྲིད་པའི་ཉེན་བརྡ་ཡང་བཏང་མྱོང་ཡོད་འདུག།

ད་ལྟ་དགུང་ལོ་ ༣༩ ཡས་མས་ཙམ་ཡིན་པའི་དགེ་འདུན་པ་བཟོད་པ་ལགས་ནི་ཨ་མདོ་ལྕང་ཚ་དྲན་པ་དགོན་ནས་ཡིན་པ་དང་། ཡིག་ཆ་ལྟར་ན་མཛོ་དགེ་ལྕང་ཚ་དྲན་པ་ཞེས་བ་དེ་སྔོན་ཅོ་ནེ་དཔོན་པོའི་མངའ་འོག་ཐེ་བོ་ཁོངས་སུ་ཡོད་ཀྱང། རྗེས་སུ་རྒྱ་གཞུང་བོད་ལ་འབྱོར་རྗེས་ད་ལྟའི་ཟི་ཁྲོན་ཞིང་ཆེན་ཁོངས་སུ་བཅུག་པ་ཡིན་འདུག །