ཨོ་སི་ཁྲུ་ལི་ཡའི་ཉིན་མོ་སྲུང་བརྩི་བྱས་པ།
འདི་ནི་ཕྱི་ལོ་༡༩༠༡ ལོ་ཨོ་སི་ཁྲུ་ལི་ཡའི་གླིང་ཕྲན་གྱི་ཐོག་ཏུ་གཉུག་མར་གནས་པ་དང། ས་ཆ་དང་རྒྱལ་ཁབ་གཞན་ནས་བྲོས་བྱོལ་སྐྱབས་བཅོལ་དུ་ཡོང་མཁན་གྱི་མི་རིགས་འདྲ་མིན་སོགས་རྒྱལ་ཁབ་དང། རྫོང་ཁོངས་ལོགས་སུ་བསྡད་ཡོད་པ་དེ་དག་རྒྱལ་ཁབ་གཅིག་བསྒྲིལ་བྱས་པའི་ཉིན་མོ་ཡིན་འདུག ཉིན་མོ་འདི་ནི་ཨོ་སི་ཁྲུ་ལི་ཡའི་གཞུང་མང་ཡོངས་ནས་མི་མང་གུང་སེང་བཏང་སྟེ། མངའ་སྡེ་སོ་སོ་དང་རྫོང་དང་ས་གནས་གང་སར་མི་མང་འདུ་འཛོམས་ཐོག་སྤྲོ་སྐྱིད་ལྡན་པའི་གླིང་ཁ་གཏོང་བ་དང། ཡུལ་གྲུ་འདིར་མཉམ་གནས་བྱེད་བཞིན་པའི་འཛམ་གླིང་ས་ཁྱོན་གང་ནས་སྐྱབས་བཅོལ་དུ་སླེབས་པའི་མི་མང་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་མི་རིགས་འདྲ་མིན། དེ་རིང་གི་གུང་སེང་སྤྲོ་ཚོགས་སུ་མཉམ་ཞུགས་བྱས་ཡོད་པ་མ་ཟད། མི་ཆེ་ཆུང་ཀུན་གྱིས་གླུ་གཞས་གཏོང་བ་དང་། ཞབས་བྲོ་སྣ་ཚོགས་འཁྲབ་པ། དེ་བཞིན་ཆུ་སྐྱལ་རྩེད་འགྲན་རིགས་མ་འདྲ་བ་སྣ་མང་བྱེད་པ། ཡང་ལོ་ངོ་བརྒྱ་ཕྲག་དུ་མའི་སྔོན་གྱི་གླིང་ཕྲན་འདིའི་ཐོག་ནས་ཆེད་དུ་བཟོ་བསྐྲུན་བྱས་པའི་སྟབས་བདེའི་མོ་ཊའམ་རླངས་འཁོར་ཆེ་ཆུང་སྣ་ཚོགས་དང་། གཞན་ཡང་ལོ་ངོ་མང་པོའི་སྔོན་གྱི་འཕྲུལ་རྟ་དང་འཕྲུལ་ཆས་རིགས་སྣ་ཚོགས་མི་མང་འདུ་འཛོམས་ཆེ་ས་གང་སར་འགྲེམས་སྟོན་བྱས་འདུག གྲོང་ཁྱེར་ཆེ་ཁག་གང་སར་གློག་སྒྲོན་སྣ་ཚོགས་མཆོད་དེ་གྲོང་ཁྱེར་མཛེས་པའི་ཁྱད་ཆོས་ངོམས་པ་དང། ས་མཚོ་གནམ་གསུམ་གྱི་ཁོར་ཡུག་ཀུན་ཏུ་མཚོན་མདངས་སྣ་ཚོགས་ཀྱིས་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཡོངས་ཆིག་སྒྲིལ་ཉིན་མོའི་དུས་སྟོན་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་སོགས་སྙན་ཚིག་ཁ་གཡང་འདྲ་མིན་འཁོད་པའི་གློག་སྒྲོན་གྱི་རི་མོ་སོགས་འབྲི་སྲོལ་ཡོད་པ་རེད་འདུག
ཉིན་པོ་དེར་མི་མང་འདུ་འཛོམ་ཆེ་ས་ཀུན་ཏུ་ཟས་རིགས་འདྲ་མིན་དང་ཕྲུ་གུའི་རྩེད་ཆས་སོགས་མི་མང་ལ་རིན་མེད་དུ་སྤྲོད་ཀྱི་ཡོད་པ་རེད་འདུག རྒྱལ་ས་སི་ནེ་ས་ཁུལ་གྱི་བོད་རིགས་མི་མང་རྣམས་ཀྱང་སྤྲོ་ཚོགས་དེར་མཉམ་ཞུགས་ཀྱིས་ནམ་རྒྱུན་དང་མི་འདྲ་བར་གཞི་ལྷོད་བག་གཡེང་གི་རྣམ་པ་ལེགས་པོ་ཞིག་གསལ་གྱི་འདུག །
ཨོ་སི་ཁྲུ་ལ་ཡའི་སི་ནེ་གྲོང་ཁྱེར་ནས་ས་གནས་གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས།
{jcomments on}