བལ་ཡུལ་གྱི་སྲིད་བློན་བསྐྱར་འདེམས་བྱེད་གཏན་འཁེལ་བ།

དེ་ཡང་བལ་ཡུལ་ནང་ཉེ་བའི་ཟླ་ངོ་དྲུག་ལྷག་རིང་མ་འོངས་རྒྱལ་ཁབ་ཀྱི་སྲིད་བློན་གསར་པ་འོས་འདེམས་ཐེངས་བཅུ་དྲུག་ཙམ་བྱས་ཡོད་ཀྱང་། འོས་འདེམས་གྲུབ་འབྲས་མ་བྱུང་བར་བརྟེན་མུ་མཐུད་འོས་འདེམས་བྱེད་རྒྱུའི་དུས་ཡུན་གང་མཚམས་ཕྱིར་འགྱངས་བྱེད་ཞོར་འོས་འདེམས་གྲུབ་འབྲས་འབྱུང་ཐབས་སུ་སྒྲིག་གཞི་གསར་པ་ཁག་གཅིག་གཏན་འབེབས་བྱས་ཡོད་པ་དང་། ལྷག་དོན་བལ་ཡུལ་རྒྱལ་ནང་གི་ཆབ་སྲིད་ཚོགས་པ་ཆེ་ཁག་གཙོ་གྲས་གསུམ་གྱི་ནང་ཁུལ་ཚོགས་འདུའི་རྗེས་སུ། བལ་ཡུལ་གྱི་སྲིད་འཛིན་Yadav མཆོག་གིས་གྲོས་ཚོགས་གྱི་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་ལ་རྒྱལ་ཁབ་གྱི་སྲིད་བློན་འོས་འདེམས་བྱེད་དགོས་བའི་བཀའ་བཏང་བ་དང་། ལམ་སེང་གྲོས་ཚོགས་ཀྱི་གོ་བསྡུར་དང་མཉམ་ཕྱི་ཟླ་གཉིས་པའི་ཚེས་༣ ཉིན་གྱི་ཉིན་གུང་ཆུ་ཚོད་དང་པོའི་ཐོག་སྲིད་བློན་འོས་འདེམས་རིམ་པ་དང་པོ་འགོ་འཛུགས་བྱེད་རྒྱུ་དང་། རིམ་པ་གཉིས་པ་ཕྱི་ཚེས་ ༦ ཉིན། རིམ་པ་གསུམ་པ་དང་མཐའ་མའི་ཐག་གཅོད་དེ་ཚེས་ ༦ ཉིན་བྱེད་རྒྱུ་ཡིན་པ་གཏན་འཁེལ་བྱུང་འདུག

ད་ལྟའི་བར་བརྒལ་སྲིད་གཞུང་གི་སྲིད་བློན་ Madhav Kumar Nepal མཆོག་ལ་མའོ་ཚོགས་པས་དགོངས་པ་ཞུ་དགོས་བའི་གནོན་ཤུགས་རིམ་པ་སྤྲད་པའི་རྗེས་སྲིད་བློན་ནས་བལ་ཡུལ་རྒྱལ་ནང་དུ་ཞི་བདེ་བརྟན་ལྷིང་དང་། ཆབ་སྲིད་ཚོགས་པ་ཁག་ནང་ཁུལ་གྱི་དཀའ་རྙོག་གཙང་སེལ་ཡོང་ཆེད་སོགས་རྒྱུ་མཚན་དུ་བགྲེངས་ནས་སྲིད་བློན་གྱི་གོ་གནས་ནས་དགོངས་པ་ཞུས་ཡོད། འོན་ཀྱང་གནས་ཚུལ་དེའི་རྗེས་ཟླ་བ་དྲུག་ལྷག་རིང་གྲོས་ཚོགས་ནང་འོས་འདེམས་ལས་རིམ་ཐེངས་བཅུ་དྲུག་ཙམ་སྤེལ་ཀྱང་རྒྱལ་ཁབ་ཀྱི་སྲིད་བློན་གསར་འདེམས་བྱུང་ཐུབ་མེད་པ་རེད།།
ས་གནས་གསར་འགོད་པས།

{jcomments on}