དངུལ་དེ་དག་བླ་མ་ལ་འབུལ་བ་ཕུལ་བ་ཡིན་པ་ངོས་འཛིན་ཐུབ།
ཟླ་འདིའི་ཚེས་༢༩ ཉིན་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གཙོས་པའི་རྒྱུན་ལས་ལྷན་རྒྱས་ཀྱིས་ཉེ་ཆར་༧རྒྱལ་བ་ཀརྨ་པའི་བླ་བྲང་དུ་བྱུང་བའི་གནས་ཚུལ་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་སྤྱི་འཐུས་ལྷན་ཁང་དུ་བསྐོངས་ཡོད་པ་རེད།
གསར་འགོད་ལྷན་ཚོགས་ཀྱི་ཐོག་ཏུ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གནས་ཚུལ་དེའི་སྐོར་གསུང་དོན། ཉེ་ཆར་༧རྒྱལ་བ་ཀརྨ་པའི་བླ་བྲང་དུ་བྱུང་བའི་གནས་ཚུལ་ཐད་བོད་པའི་སྤྱི་ཚོགས་ནང་དུ་སྐད་ཆ་འདྲ་མིན་ཡོང་གི་ཡོད་ས་རེད། ལྷག་པར་བོད་ནང་དུ་གནས་ཚུལ་ག་འདྲ་ཞིག་ཁྱབ་ཡོད་མེད་ད་ལྟ་ང་ཚོས་བཤད་ཐུབ་ཀྱི་མི་འདུག ང་ཚོའི་བསམ་ཚུལ་ག་རེ་ཡོད་མེད་བོད་ནང་དུ་བསྐྱལ་ཐུབ་པ་བྱུང་བ་ཡིན་ན། ཕན་ཐོགས་མེད་འགྲོ་བསམ་ནས་གསར་འགོད་ལྷན་ཚོགས་འདི་བསྐོངས་བ་ཡིན། ཚེས་༢༨ ཉིན་གྱི་ཉིན་རྒྱབ་རྒྱུན་ལས་རྣམས་འཛོམས་སྐབས་ཚང་མས་སེམས་འཚབ་གནང་གི་འདུག དེ་བཞིན་ང་ཚོས་༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་དང་མཇལ་འཕྲད་ཐུབ་ན་བསམ་ནས་ཚོགས་གཙོ་དང། སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ་བཅས་བཅར་བ་ཡིན་ཞེས་དང།
མུ་མཐུད་འགྲེལ་བཤད་གནང་དོན། མཇལ་ཁ་བཅར་སྐབས་རིན་པོ་ཆེ་ཐུགས་ལྷོད་ལྷོད་རེད་འདུག ཐུགས་འཚབ་གནང་གི་མི་འདུག དེ་ག་རེ་རེད་ཟེར་ན། གནས་ཚུལ་དེའི་སྐོར་ལ་༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་ཉེས་པ་གང་ཡང་མེད་སྟབས། ཐུགས་ལྷོད་ལྷོད་གནང་ཐུབ་པ་ཞིག་རེད། ང་ཚོས་གཙོ་བོ་རིན་པོ་ཆེ་སྐུ་སྒེར་ལ་གཞི་མེད་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་དེ་དག་ལ་གསལ་བཤད་ག་རེ་དགོས་མིན་དང། གདུང་སེམས་མཉམ་བསྐྱེད་བྱེད་དུ་ཕྱིན་པ་རེད། ༧རྒྱལ་ཀརྨ་པ་རིན་པོ་ཆེས་གནས་ཚུལ་དེའི་སྐོར་ངས་ཞེ་དྲག་ཤེས་ཀྱི་མ་རེད། ངས་ནམ་རྒྱུན་ཐེ་བྱུས་བྱེད་ཀྱི་མེད་ཅེས་གསུང་གི་འདུག དེའི་ཐོག་ནས་ང་ཚོས་ཡིད་ཆེས་བྱེད་འོས་པ་ནང་བཞིན་བྱས་ནས་གནས་ཚུལ་དེ་དང་༧རྒྱལ་བ་ཀརྨ་པ་གཉིས་ཐད་ཀར་འབྲེལ་བ་མེད་པ་གསལ་པོ་ཞེ་དྲག་རེད།
དགོན་པ་དང་བླ་བྲང་ཁག་གི་འགྲོ་སྟངས་བཞིན། དངུལ་དེ་དག་གི་ཡོངས་ཁུངས་ག་འདྲ་རེད་ཟེར་ན། བླ་མ་ལ་སྐྱབས་རྟེན་དང། བསྔོ་རྟེན་བཅས་འབུལ་བ་ཕུལ་བ་དེ་འདྲ་རང་གི་ཐོག་ནས་ཡོང་བ་ཞིག་ཡིན་པ་ང་ཚོས་ངོས་འཛིན་བྱེད་ཐུབ་ཀྱི་རེད། གཞན་མ་གཏོགས་ད་ལྟ་སྤྱི་ཚོགས་ནང་དང་ལྷག་པར་དུ་རྒྱ་གར་གྱི་གསར་འགོད་པ་དེ་ཚོས་དངུལ་གྱི་ཡོངས་ཁུངས་ལ་དོགས་གཞི་ཆེན་པོ་ཡོད་པ་ཞིག་ཡིན་པ་བཤད་ཀྱི་ཡོད་དུས། ཁ་སང་ཕྱི་རྒྱལ་གྱི་གསར་འགོད་པ་ཚོ་ལ་ཞུ་བའི་གོ་སྐབས་བྱུང། རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་༧རྒྱལ་བ་ཀརྨ་པ་རྒྱ་མིའི་སོ་པ་རེད་ཟེར་བ་དང། ནག་ཚོང་རེད་ཟེར་བ་དེའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དེ་འདྲ་ཞིག་མིན་པ་གསལ་པོ་ཞུ་ཐུབ་པ་འདུག་ཅེས་དེ་རིང་གི་གསར་འགོད་འགོད་ལྷན་ཚོགས་འདི་བརྒྱུད་ནས་བོད་རྒྱ་ཆེའི་མི་མང་ལ་ཞུ་འདོད་བྱུང་ཞེས་གསལ་བཤད་གནང་སོང།
མུ་མཐུད་གསུང་དོན། ༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་ལ་མཚོན་ན་དགུང་ལོ་ཆུང་དུས་ནས་སྐུ་སྲོག་ལ་མ་འཛེམས་པར་རྒྱ་གར་དུ་ཕེབས་པ་ཞིག་ཡིན་པ་མ་ཟད། ད་སྐབས་རྒྱུད་སྟོད་གྲྭ་ཚང་དུ་རྒྱ་གར་གྱི་སྐོར་སྲུང་བ་སོགས་ཀྱི་ལྟ་རྟོགས་འོག་ཡོད་པ་ཞིག་ལས། ཁོང་གི་ཐུགས་འདོད་བཞིན་གང་ཕེབས་ཀྱི་རང་དབང་མེད་པ་ཚང་མས་ཤེས་གསལ་རེད། མཛད་འཆར་ག་རེ་ཡོད་མེད་ལ་རྒྱ་གར་གཞུང་གིས་སྟངས་འཛིན་བྱེད་ཀྱི་ཡོད་རེད་ལ། མཇལ་འཕྲད་ཞུ་མཁན་ཡིན་ཡང་སྐོར་སྲུང་བས་ལུས་བཤེར་བྱས་ནས་འགྲོ་དགོས་ཀྱི་ཡོད་པ་རེད། མཇལ་ཁ་ཞུ་མཁན་ག་ཚད་ཡོད་མེད་དང་འབུལ་བ་འབུལ་མཁན་ག་ཚད་ཡོད་མེད་དེ་དག་ཚང་མ་སྐོར་སྲུང་བས་ཤེས་པའི་གནས་ཚུལ་ཞིག་རེད། སྤྱིར་ཐེ་ཝན་དང་སིངྒ་པོར་སོགས་ནས་དད་ལྡན་རྗེས་འབྲངས་པ་མང་པོ་ཡོད་པ་མ་ཟད། བོད་པའི་བླ་ཆེན་ཞིག་རེད་ལ། བོད་པའི་སྤྱི་ཚོགས་ནང་དུ་བརྩི་བཀུར་དང་དད་པ་བྱེད་ས་ཞིག་རེད་མ་གཏོགས། སྐུ་སྒེར་གྱི་ངོས་ནས་བསླབ་པ་སློབ་གཉེར་དང་འཛམ་གླིང་ཞི་བདེ། ཁོར་ཡུག་སྲུང་སྐྱོབས་སོགས་ཀྱི་ཐད་ལ་ཕྱག་ལས་གནང་ནས་བོད་བསྟན་པ་ཆབ་སྲིད་ཀྱི་ཐོག་ནས་ཞབས་འདེགས་ཞུ་མཁན་ཞིག་ཆགས་བསྡད་ཡོད་རེད་མ་གཏོགས། དོགས་པ་བྱེད་དགོས་ས་ཞིག་རྩ་བ་ནས་ཆགས་ཀྱི་ཡོད་མ་རེད་ལ། དེ་འདྲ་བྱེད་དགོས་པའི་གཞི་རྩ་གང་ཡང་ཡོད་མ་རེད།
དཔལ་འབྱོར་ཉར་ཚགས་བྱེད་སྟངས་ཐད་བླ་བྲང་གི་ལས་བྱེད་ཚོས་ཡུལ་ཁྲིམས་དང་མི་མཐུན་པ་ཞིག་ཆགས་པ་རེད། དེའི་ཐད་རྒྱ་གར་གཞུང་གིས་ཁྲིམས་ཐོག་ནས་ག་རེ་གནང་ཡང་ང་ཚོས་བརྩི་སྲུང་བྱེད་དགོས་པ་ཞིག་རེད། དེ་དང་འབྲེལ་ནས་༧རྒྱལ་བ་ཀརྨ་པ་ལ་མཚན་སྨད་ཞུ་བ་དེ་གཏན་ནས་གཞི་རྩ་མེད་པའི་གནས་ཚུལ་ཞིག་རེད། དེའི་ཐོག་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་འབད་བརྩོན་གནང་གི་འདུག་ལ། ང་ཚོས་གནས་ཚུལ་དེ་གསལ་པོ་མ་ཆགས་བར་ཕྱག་རོགས་ཞུ་རྩིས་ཡོད། སྤྱི་ཚོགས་ནང་དུ་༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་འཛིན་བཟུང་བྱས་པ་རེད་ཟེར་བ་ལྟ་བུ་དང། ལྕམ་སྲིང་འཛིན་བཟུང་བྱས་པ་རེད་ཟེར་བ་དེ་ཚོ་བདེན་པ་མ་རེད། དེ་བཞིན་རིན་པོ་ཆེ་རྒྱ་མིའི་སོ་པ་རེད་ཟེར་བ་དེ་ཚོ་གཞི་རྩ་མེད་པ་ཞིག་རེད། བོད་གཞུང་ལ་གསང་ཉུལ་བྱེད་ཀྱི་ཡོད་རེད་ལབ་ན། ༧གོང་ས་མཆོག་དང་བོད་གཞུང་གི་ལས་དོན་རྣམས་ཕྱི་གསལ་ནང་གསལ་རེད། རིན་པོ་ཆེ་ལྟ་བུ་གང་ཟག་ཁྱད་པར་ཅན་གྱིས་གསང་ཉུལ་གནང་དགོས་པ་ཞིག་རྩ་བ་ནས་ཆགས་ཀྱི་ཡོད་མ་རེད་ལ། རྒྱ་གར་གཞུང་ལ་གསང་ཉུལ་བྱེད་ཀྱི་ཡོད་རེད་ལབ་པ་ཡིན་ནའང། རིན་པོ་ཆེ་ཕར་ཚུར་ཕེབས་དུས་རྒྱ་གར་གཞུང་ལ་བཀའ་ཁྲོལ་ཞུ་དགོས་པ་ཞིག་ཡིན་དུས་དེའི་ཐད་ལ་གསང་ཉུལ་བྱེད་པའི་གཞི་རྩ་ཆགས་ཀྱི་ཡོད་མ་རེད་ཅེས་སོགས་འགྲེལ་བརྗོད་ཞིབ་གསལ་གནང་སོང།།
{jcomments on}