མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་འདས་མཆོད།
ཉིན་དང་པོར་རིས་མེད་ཆོས་ལུགས་ཆོས་བརྒྱུད་ཀྱི་དགེ་འདུན་པ་ཆིག་སྟོང་བརྒལ་ཞིང་། རྒྱལ་ཁབ་དང་ལུང་ཚན་མི་འདྲ་བ་ནས་གནས་སྐོར་བ་ཧ་ཅང་མང་པོ་མཉམ་ཞུགས་བྱས་སོང་། ལྷག་པར་བོད་ནས་ཕེབས་པའི་གནས་སྐོར་བ་མཁན་ཆེན་མཆོག་གི་ཞལ་སློབ་བརྒྱ་སྐོར་ཞིག་ཀྱང་མཉམ་ཞུགས་གནང་འདུག་ལ། མཆོད་རྟེན་གྱི་ཆོས་རའི་ཕྱི་ནང་གང་སར་ཆོས་རྗེ་མཆོག་གི་སྐུ་པར་དང་༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་དགོངས་རྫོགས་སྨོན་ཚིག དམ་པ་གང་གི་ཞལ་གདམས་ཚིགས་བཅད་འགའ་ཤཽཀ་རེ་རེ་བཞིན་སྦྱར་འགྲེམས་བྱས་འདུག་པ་དང་། མི་རྣམས་ཀྱིས་མིག་སྤུ་ཟིམ་ཟིམ་ངང་ཚིགས་བཅད་དེ་དག་འུར་འདོན་བྱས་ཏེ། ལྷག་དོན་གཏེར་སྟོན་ལས་རབ་གླིང་པའི་ཡང་སྤྲུལ་ཆོས་རྗེ་དམ་པ་མཁན་ཆེན་འཇིགས་མེད་ཕུན་ཚོགས་ངག་དབང་བློ་གྲོས་མཚུངས་མེད་དཔལ་བཟང་པོ་མཆོག་དགོངས་པ་མྱ་ངན་ལས་འདའ་ཁའི་ཞལ་ཆེམས་སུ། “རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུགས།” ཞེས་པའི་གྱང་སྦྱར་དེར་མི་ཚང་མས་ཚང་ཁ་ཤིག་ཤིག་གིས་མིག་ཆུ་ཁྲོམ་ཁྲོམ་དང་གསོལ་འདེབས་གདུང་འབོད་བྱེད་བཞིན་འདུག ཕྲན་ཡང་ཡིད་འགུལ་ཐེབས་པའི་སེམས་ཚོར་ཞིག་གིས་སྐུལ་འདེད་ཀྱིས། སྐབས་འདིའི་འདས་མཆོད་གོ་སྒྲིག་གི་ཚོགས་མི་མཁན་པོ་ཆོས་དབྱིངས་ལགས་སུ་དེའི་བརྒྱུད་རིམ་སྐོར་ཆེད་བཅར་བཀའ་འདྲི་ཞུས་པས་ཁོང་གིས། ད་ཆ་ཚོགས་ཆུང་འདིར་རྒྱ་བལ་འབྲུག་གསུམ་གྱི་ཁོངས་ནས་ཆོས་རྗེ་ཁོང་གི་ཞལ་སློབ་ཀྱི་འཐུས་མི་བདུན་ཡོད་ཅིང་། ལོ་དེ་དག་གི་རིང་འདས་མཆོད་སྐབས་བདུན་པ་བར་རེ་འདུན་ལྟར་ཚགས་ཚུད་དང་བློ་བདེ་པོ་བྱུང་ལ། སྐབས་འདིའི་གོ་སྒྲིག་ཀྱང་འདས་མཆོད་ཀྱི་དམིགས་ཡུལ་དང་ཚོགས་ཞུགས་པ་ཡོངས་ཀྱི་ཐུགས་དགོངས་གང་འཚམས་སྐོང་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད། སྤྱིར་བཏང་ཚོགས་པ་འདི་ཐོག་མ་ནས་གནས་སྐབས་ཙམ་ལས་རྒྱུན་ལྡན་ཞིག་ཏུ་དམིགས་ཡུལ་བཟུང་མེད། འདས་མཆོད་འདིའི་སྐབས་གཉིས་པ་དང་ལྔ་པའི་ཐོག་མཁན་པོ་རྣམ་གྲོལ་མཆོག་གིས་ཚོགས་པ་འདི་དང་འབྲེལ་ཏེ། ཐུགས་འགན་ཆེ་བཞེས་དང་ལོ་འགའི་རིང་གྲུབ་དབང་པདྨ་ནོར་བུ་མཆོག་དབུ་བཞུགས་བཀའ་དྲིན་བསྐྱངས། ཐེངས་བདུན་པའི་ཚོགས་མགོན་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གདན་འདྲེན་ཞུ་ཐུབ་སོང་། སྐབས་བརྒྱད་པ་འདིའི་དབུ་བཞུགས་སུ་དིལ་མགོ་མཁྱེན་རྩེའི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཨོ་རྒྱན་བསྟན་འཛིན་འཇིགས་མེད་ལྷུན་གྲུབ་དཔལ་བཟང་པོ་མཆོག་ལ་སྐྱབས་འཇུག་ཞུས་པ་ལྟར་ཞལ་བཞེས་ཐོབ་ཡོད། སྐབས་དེ་དག་ཏུ་མཉམ་ཞུགས་སེར་སྐྱ་ཧ་ཅང་མང་ཞིང་སྐབས་འགར་ཚོགས་ཞུགས་ཁྲི་ཚོ་བརྒལ་བ་བྱུང་ཡོད་པ་རེད། ད་ལོའི་འདས་མཆོད་འདིའི་འགྲོ་གྲོན་ཚོགས་ཆུང་གི་མ་དངུལ་ནས་གཏོང་རྒྱུ་དང་འདས་མཆོད་སྔ་མའི་གནས་སྟངས་འདི་དང་མི་འདྲ་བ་རེད། ད་ལོའི་འདས་མཆོད་འདི་ཉིན་གསུམ་ལ་ཚོགས་ཏེ་ཕྱི་ཚེས་སུམ་ཅུའི་ཉིན་ལེགས་གྲུབ་མཇུག་བསྒྲིལ་ཐུབ་སོང་ལ། ད་ཐེངས་ཀྱི་འདས་མཆོད་འདིའི་ཚོགས་ཞུགས་སེར་སྐྱ་ཉིས་སྟོང་བརྒལ་སོང་། ཞེས་གསུང་ལན་སྐྱོན་སོང་སོང་།
ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ལོ་༢༠༠༤ ཟླ་༡༢ ཚེས་༡༧ ཉིན་༸གོང་ས་མཆོག་གིས་ཚོགས་ཆུང་འདིར་ཕྱག་བྲིས་ཤིག་ཕེབས་ཡོད་ཅིང་། དེའི་ནང་( སྤྱི་སྒོས་བསྟན་པའི་གསལ་བྱེད་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཞབས་ཀྱི་ཞལ་སློབ་ཐུན་མོང་ནས་བླ་མ་གང་གི་བཀའ་དྲིན་རྗེས་དྲན་སླད། གནས་མཆོག་རྡོ་རྗེ་གདན་དུ་མཆོད་འབུལ་རྒྱ་ཆེ་བྱེད་འཆར་ལ་ཡི་རངས་དང་འབྲེལ་མཆོག་གསུམ་གསོལ་འདེབས་གདུང་འབོད་ཞུ།) ཞེས་དང་། གང་ཉིད་ཀྱིས་ལྗགས་རྩོམ་མཛད་པའི་དགོངས་རྫོགས་སྨོན་ཚིག་ནང་། (མདོ་ཁམས་གསེར་རྟ་བླ་རུང་ལྔ་རིག་སློབ་གླིང་གི་ཆོས་གྲྭ་གསར་ཚུགས་གཙོར་གྱུར་ཡུལ་གྲུ་ས་གནས་མང་པོ་ཞབས་འཁོད་དད་འདུས་སྐྱེ་བོ་ཁྲི་ཁྲག་མང་པོར་རྨད་བྱུང་ཐུགས་བསྐྱེད་ཕྲིན་ལས་བཟང་པོས་རིས་མེད་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཞིང་། བསྟན་འགྲོར་སྨན་པའི་རླབས་པོ་ཆེའི་མཛད་བཟང་སྐྱོང་བཞིན་པར་) ཞེས་བླ་སློབ་གཉིས་ཀར་ཐུགས་ཡིད་ཤིན་ཏུ་ཚིམས་པ་ལྟ་བུའི་བཀའ་ཡིག་ཕེབས་ཤིང་། ད་དུང་(ད་ལམ་ངོས་རང་ནས་དམ་པ་གང་གི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་ཕྱིར་དང་། ཞལ་སློབ་རྣམས་ཀྱི་སྐྱོ་གདུང་སེལ་བའི་སླད་དུ་གསོལ་འདེབས་སྨོན་གསོལ་འདི་བཞིན་བགྱིས་པ་ཇི་ལྟར་སྨོན་པའི་དོན་རྣམས་དེ་དེ་བཞིན་འགྲུབ་པར་གྱུར་ཅིག ) ཅེས་ཧ་ལས་པའི་མཚམས་སྦྱོར་ཟབ་མོ་གནང་འདུག གུས་པ་འདས་མཆོད་འདིར་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་སྐལ་བཟང་ཐོབ་པ་དང་ཕ་ཡུལ་གསེར་རྟ་ནས་ཕེབས་པའི་གནས་སྐོར་བ་རེ་ཟུང་དང་ཐུག་འཕྲད་བྱུང་ལ། འཕྲོས་མོལ་ལས་ཤེས་རྟོགས་བྱུང་བ་ནི། ད་ལྟའི་གསེར་རྟ་བླ་རུང་གི་ཤུལ་བཞུགས་སློབ་མ་རྣམས་ཀྱིས་འཛིན་སྐྱོང་དང་སློབ་གཉེར། མཛད་འཕྲིན་སོགས་ཀྱི་སྐོར་རེད། ཁོང་རྣམས་པར་ཡི་རངས་དང་བསྔགས་བརྗོད། ཁྱད་པར་དུ་༸གོང་ས་སྐྱབས་མགོན་ཆེན་པོའི་དབུས་རིས་མེད་སྐྱེས་ཆེན་རྣམས་ཀྱི་སྐུ་ཚེ་མཛད་འཕྲིན་རྒྱས་པ་དང་། ཕུལ་བྱུང་རྒྱལ་སྲས་ཆེན་པོ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་ཐུགས་དགོངས་ཟམ་མོ་རྣམས་ཡོངས་སུ་རྫོགས་ཏེ། རང་ཅག་གཞི་བྱེས་དགྱེས་ཞལ་ལྷན་འཛོམས་ཀྱི་ཉི་མ་མྱུར་ཏུ་འཆར་བའི་སྨོན་ལམ་དང་གསོལ་འདེབས་གང་ཤེས་ཞུ་རྒྱུ་བྱུང་།
ཅེས་སེར་སྨད་བློ་དགའ་ནས་གནས་མཆོག་རྡོ་རྗེ་གདན་ནས།