དགོངས་སེལ་ཞུ་དགོས་བྱུང་ན་ཕར་ཞུ་ཚུར་ཞུ་རེད།

དེ་ཡང་ཚེས་༣༠ ཉིན་གྱི་ཞོགས་པ་འབྲས་སྤུངས་བླ་སྤྱིའི་འདུ་ཁང་དུ་གཉུག་མར་གནས་པ་དང་། ཕྱོགས་སོ་སོ་ནས་ཕེབས་པའི་དགེ་འདུན་འདུས་པའི་ཚོགས་ལ་བཀའ་ཁྲི་རིན་པོ་ཆེས་འཚམས་འདྲི་ཞུས་པ་དང་ཆབས་ཅིག ཁོང་གིས་འདས་པའི་ལོ་བཅུའི་རིང་ལ་བཀའ་ཤག་གི་ལས་དོན་སྒྲུབ་སྐབས་གྲུབ་འབྲས་གང་ཡང་བྱུང་མེད་ན་ཡང་། འཐུས་ཤོར་དང་གྲ་མ་འགྲིག་པ་ཆེན་པོ་མེད་པ་དང་།  ལབ་རྒྱུ་གླེང་རྒྱུ་མ་བྱུང་ཙམ་ཞིག་གི་ཐོག་ནས་ལས་ཡུན་བརྩམས་ཐུབ་པ་དེ། གཙོ་བོ་༸གོང་ས་སྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་དབུ་ཁྲིད་ལམ་སྟོན་དང་། ལྷག་པར་དུ་གཞི་རིམ་མང་ཚོགས་ཀྱི་མཐུན་འགྱུར་དང་། མཉམ་རུབ། རྒྱབ་སྐྱོར་གནང་བ་ལ་བརྟེན་ནས་བྱུང་པ་ཡིན་སྟབས། ལས་དོན་བརྩམས་པའི་སྐབས་ལ་གཞི་རིམ་མང་ཚོགས་ལ་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུ་དགོས་པ་དེ། ཆབ་སྲིད་དང་། སྤྱི་ཚོགས། བཟང་སྤྱོད་གསུམ་གྱི་ཐོག་ནས་དགོས་པ་ཞིག་དང་། འོས་ཤིང་འཚམས་པ་ཞིག་ཆགས་ཀྱི་ཡོད་པར་བརྟེན། གཞི་རིམ་མང་ཚོགས་ལ་ཐུགས་རྗེ་དང་བཀའ་དྲིན་རྗེས་དྲན་ཞུ་བར་བཅར་བ་ཡིན་ཞེས་གསུངས་སོང་།

ལྷག་པར་དུ་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་པ་ནས་དགེ་འདུན་པ་རྣམས་དང་གཞུང་གི་ཆབ་སྲིད་ཀྱི་ལས་རིམ་བར་འབྲེལ་བ་ཆེན་པོ་ཡོད་པ་དང་། དེ་བཞིན་བཙན་བྱོལ་བོད་གཞུང་གི་ནང་ལ་ཡང་ཆོས་བརྒྱུད་དང་དགེ་འདུན་པ་རྣམས་ཆབ་སྲིད་དང་འབྲལ་ཐབས་མེད་པ་ལྟ་བུའི་འབྲེལ་ལམ་ཡོད་པ་སོགས་དང་འབྲེལ། རབ་དུ་བྱུང་བ་རྣམས་ཀྱིས་ཆབ་སྲིད་ཀྱི་ལས་རིམ་དང་འོས་བསྡུའི་ལས་རིམ་ཐོག་ཆ་ཤས་ལེན་ཕྱོགས་སྐོར་ལ་ལམ་སྟོན་དགོངས་ཚུལ་གསུང་དོན། “རབ་བྱུང་དང་བཙུན་མ་ཚོས་འོས་ཤོག་གི་ཆ་ཤས་ལེན་དང་ལེན་བཞིན་པ་དེ་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ངོས་ནས་བལྟས་པ་ཡིན་ན་ཡག་པོ་རེད་བསམ་གྱི་ཡོད། གྲྭ་པ་ཡིན་དང་བཙུན་མ་ཡིན་རུང། སྔགས་འཆང་ཡིན་རུང་རང་རང་སོ་སོའི་ཆོས་ཀྱི་ཉམས་ལེན་བྱེད་ཕྱོགས་ཀྱི་རིམ་པ་ཞིག་ལས་སྡོམ་པ་བླངས་མ་བླངས་དང་། རབ་ཏུ་བྱུང་མ་བྱུང་གི་ཁྱད་པར་ཙམ་རེད་མ་གཏོགས། དོན་དུ་བོད་ཀྱི་ཡུལ་མི་ཡིན་པ་དེ་བསྙོན་མེད་རེད། བོད་ཀྱི་ཡུལ་མི་ཡིན་ཕྱིན་ཆད་སྐྱ་སེར་དབྱེ་བ་མེད་པར་ཚང་མས་བོད་ཀྱི་བསྟན་པ་ཆབ་སྲིད་གཉིས་ཀ་ལ་འགན་ཁུར་ཞིག་ཡོད་པ་དེ་ཞུས་མི་དགོས་པ་རེད། འགན་ཁུར་ལེན་པའི་སྐབས་ལ། ངེས་པར་དུ་ཆབ་སྲིད་ཀྱི་བྱ་རིམ་ཚང་མ་དང་། ལྷག་པར་དུ་ཆབ་སྲིད་ཀྱི་ལས་ཀྱི་སྣེ་མོ་བ་འོས་འདེམས་བྱེད་པའི་སྐབས་ལ་ཆ་ཤས་ལེན་རྒྱུ་མེད་པ་ཞིག་བཟོས་པ་ཡིན་ན། སྤྱིར་བོད་མིའི་སྤྱི་ཚོགས་དང་། ད་ལྟའི་གནས་སྐབས་ལ་བཙན་བྱོལ་བོད་མའི་སྤྱི་ཚོགས་ལྟ་བུར་མཚོན་པ་ཡིན་ན། གྲྭ་བཙུན་གྱིས་མི་འབོར་གྱི་བརྒྱ་ཆ་མི་ཉུང་བ་ཞིག་ཚུད་བསྡད་ཡོད་པའི་སྐབས་ལ། དེ་འདྲའི་གྲངས་ཚད་མང་པོ་ཡོད་པའི་སྡེ་ཚན་ཞིག་གིས་ཆབ་སྲིད་ཀྱི་ལས་རིམ་ནང་ལ་གོ་སྐབས་ལེན་རྒྱུ་མེད་པ་ཆགས་པ་ཡིན་ན། མ་འོས་པ་ཞིག་དང་མ་འཚམ་པ་ཞིག ལྷག་པར་དུ་ཆབ་སྲིད་ཀྱི་འཕེལ་རིམ་གྱི་ཐོག་ལ་དོ་ཕོག་འགྲོ་རྒྱུའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད།

samdong-at-moungod2དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་ད་ལྟ་བར་དུ་ང་ཚོས་ཆ་ཤས་བཞེས་པ་རེད། བཞེས་པ་ལ་བརྟེན་ནས་དགེ་ཕན་ཆེན་པོ་བྱུང་ཡོད་པ་མ་གཏོགས་ཞན་ཆ་བྱུང་ཡོད་པ་ཞིག་སུ་ལ་ཡང་བཤད་རྒྱུ་མེད་པ་མ་རེད། ཡིན་ན་ཡང་། ཆོས་འདུལ་བའི་དགོངས་དོན་དང་ཆོས་ཕྱོགས་ཀྱི་ངོས་ནས་ཕར་བལྟས་པ་ཡིན་ན། རབ་དུ་བྱུང་བ་ཚོ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་རྗེས་ལ། ད་དུང་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་ཚུལ་ཐོག་ལ་གྲུང་ཤ་དོད་པོ་བྱས་ནས་ཆ་ཤས་ལེན་པ་དེ་ཆོས་དང་འདུལ་བའི་གནས་ཚུལ་དང་ཡོངས་སུ་མཐུན་པ་ཞིག་དང་། སྐྱོན་ཆ་གང་ཡང་མེད་པ་ཞིག་ཡིན་ནམ་མིན་ནམ། དེ་མཁས་པ་ཚོས་ད་དུང་རྟོགས་ཞིབ་གནང་རྒྱུ་ཡོད་རེད་བསམ་གྱི་ཡོད།”ཅེས་དང་། “གང་ལྟར་ངའི་ངོས་ནས་རབ་ཏུ་བྱུང་བ་དེ་ཚོས་ཆབ་སྲིད་ཀྱི་ནང་ལ་ཆ་ཤས་བཞེས་པ་དེ་ཡག་པོ་མི་འདུག་མཚམས་འཇོག་དགོས་རེད་རྩ་བ་ཉིད་ནས་ཞུ་ཡི་མེད། དེ་ཡང་གསལ་པོ་བཟོས་ན་མ་གཏོགས། གྲྭ་པ་ཚོ་འོས་ཤོག་འཕེན་པར་འགྲོ་རྒྱུ་ཡོད་མ་རེད། གྲྭ་པས་ཆབ་སྲིད་ཀྱི་ནང་ལ་ཆ་ཤས་ལེན་རྒྱུ་ཡོད་མ་རེད་ཟེར་ནས་ངས་ནམ་ཡང་ཞུ་ཡི་མེད། ཆ་ཤས་ལེན་དགོས་པ་དེ་གལ་ཆེན་པོ་ཡིན་པར་བརྩི་ཡི་ཡོད།”ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ་དགེ་འདུན་པས་བོད་ཀྱི་ཆབ་སྲིད་ནང་ཆ་ཤས་མ་བླངས་ན་མ་འགྲིག་པ་ཞིག་ཀྱང་ཡིན་པའི་སྐོར་ལ་གསུང་དོན། “ལྷག་པར་དུ་ངས་གོང་དུ་ཞུས་པ་ནང་བཞིན་རེད། འདས་པའི་ལོ་བཞི་བརྒྱ་མ་ཟིན་ཙམ་གྱི་རིང་ལ་ཕྱག་ལེན་བསྟར་བཞིན་པའི་དགའ་ལྡན་ཕོ་བྲང་གི་གཞུང་གི་ཆབ་སྲིད་ཀྱི་ནང་ལ་རབ་བྱུང་གིས་ཐེ་ཇུས་མེད་པ་ཞིག་ཆགས་པ་ཡིན་ན་ཁྱད་མཚར་པོ་ཞེ་དྲག་རེད། རྐང་པ་ཡ་གཅིག་མེད་མཁན་གྱི་བཟོ་འདྲ་བོ་ཞིག་ཆགས་རྒྱུའི་ཉེན་ཁ་ཡོད་རེད་ལ། ཆོས་སྲིད་ཟུང་འབྲེལ་ཀྱི་རྣམ་བཞག་འགྲེལ་བརྗོད་ག་འདྲ་ཞིག་བྱེད་ཀྱི་ཡོད་མེད་ང་རང་ལ་གསལ་པོ་གང་ཡང་མེད་དེ། གང་ལྟར་ཆོས་སྲིད་ཟུང་འབྲེལ་ཀྱི་འགྲེལ་བརྗོད་མང་པོ་ཞིག་ཡོད་པའི་ནང་ནས། འགྲེལ་བརྗོད་མང་ཆེ་བ་ཞིག་གྲྭ་བཙུན་གྱིས་ཆབ་སྲིད་ཀྱི་ནང་ལ་ཆ་ཤས་ལེན་རྒྱུ་མཚམས་བཞག་པ་ཡིན་ན། དེའི་མཚན་ཉིན་དང་འགྲེལ་བཤད་དེ་ཚོ་ཆ་མ་ཚང་བ་ཞིག་ངེས་པར་དུ་ཆགས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་ང་རང་ཚོའི་སྤྱི་ཚོགས་ཀྱི་ནང་ལ་རབ་ཏུ་བྱུང་བའི་སྡེ་དེ་ཚོས། བོད་སྤྱིའི་ཆབ་སྲིད་དེ་བསྟན་པ་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཅིག་ཡིན་སྟབས། ང་ཚོས་ནམ་རྒྱུན་ཁ་རྒྱུན་ལ་ཡང་བསྟན་པ་ཆབ་སྲིད་ཟེར་ནས་མཉམ་དུ་ལབ་གྱི་འདུག དེར་བརྟེན་རྒྱལ་བའི་བསྟན་པ་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཅིག་ཡིན་དུས། ཆོས་བརྒྱུད་དགེ་འདུན་པའི་སྡེ་དེ་ཚོས་ཆ་ཤས་ངེས་པར་དུ་བཞེས་དགོས་ཀྱི་རེད་བསམ་གྱི་ཡོད། དེ་ངའི་བསམ་བློའི་ནང་ལ་གསལ་པོ་བྱས་ཡོད།

ཡིན་ནའང་ངས་ཡང་ཡང་འདིའི་ཐོག་ལ་དྲི་བ་ཞུ་རྒྱུ་དེ་ག་རེ་རེད་ཞུས་ན། རབ་ཏུ་བྱུང་བས་ཆབ་སྲིད་ཀྱི་དགོངས་པ་བཞེས་སྟངས་དང་། ཁྱིམ་པ་མི་ནག་ཕལ་པ་དེ་ཚོས་ཆབ་སྲིད་ཀྱི་ལས་ཀ་བྱེད་སྟངས་གཉིས་ཀྱི་བར་ལ་ཕྲན་བུས་ཁྱད་པར་ཡོད་དགོས་ཀྱི་མ་རེད་དམ།”ཅེས་དགེ་འདུན་པ་རྣམས་ཀྱིས་ཆབ་སྲིད་དང་འབྲེལ་བའི་ལས་དོན་ནང་ཞུགས་སྐབས་རབ་ཏུ་བྱུང་བའི་གནས་བབ་དང་མཐུན་པ། ཆོས་ཀྱི་ཁྲིམས་དང་མཐུན་པ། སྤྱི་ཚོགས་ལ་ཕན་ཐོགས་ཡོད་པའི་གལ་གནད་འཛིན་དགོས་པའི་བཀའ་སློབ་གནང་ཡོད་པ་དང་། དེ་བཞིན་བཀའ་ཁྲི་མཆོག་གིས་མུ་མཐུད་དུ་བཀའ་ཤག་སྐབས་གཉིས་ཀྱི་ལས་ཡུན་གྱི་རིང་ལ་ནོར་འཁྲུར་ཤོར་བ་དང་། འཐུས་ཤོར་ཕྱིན་པ་དང་། ལས་དོན་མ་འགྲུབ་པ། མི་མང་གིས་ཐོག་མར་འོས་ཤོག་བླུགས་པའི་སྐབས་ལ་ཐུགས་རེ་གནང་བ་དེ་དག་མ་འགྲུབ་པར་དེ་ཚོའི་དོན་ལ་ད་སྐབས་བཟོད་གསོལ་ཞུ་རྒྱུ་མིན་པའི་སྐོར་ལ་གསུང་དོན།

“དངོས་གནས་འགྲོ་སྟངས་ལྟར་ན་བཀའ་ཤག་སྐབས་གཉིས་ཀྱི་ལས་ཡུན་རྫོགས་ནས་མང་ཚོགས་ལ་ཐུགས་རྗེ་ཆེ་ཞུ་བར་བཅར་བའི་སྐབས་ལ།  ལས་ཡུན་གཉིས་ཀྱི་རིང་ལ་ནོར་འཁྲུར་ཤོར་བ་དང་། འཐུས་ཤོར་ཕྱིན་པ། ལས་དོན་མ་འགྲུབ་པ། མི་མང་གིས་ཐོག་མར་འོས་ཤོག་བླུགས་པའི་སྐབས་ལ་ཐུགས་རེ་གནང་བ་དེ་དག་མ་འགྲུབ་པར་དེ་ཚོའི་དོན་ལ་བཟོད་གསོལ་ཞུ་དགོས་པའི་བཟང་སྤྱོད་ཀྱི་འགན་ཞིག་ཡོད་པ་རེད། ཡིན་ནའང་ངས་དགོངས་སེལ་མི་ཞུ་རྒྱུའི་ཐག་བཅད་པ་ཡིན། དེ་རྒྱུ་མཚན་གང་ཡིན་ཟེར་ན། ཕྱི་ལོ་༢༠༠༡ གི་ཕྱི་ཟླ་༣ པའི་ནང་ང་སྤྱི་འཐུས་ཚོགས་གཙོའི་ལས་གནས་ནས་དགོངས་པ་ཞུས་པའི་སྐབས་ལ། གྲོས་ཚོགས་ནང་ལ་ངས་གཏམ་བཤད་རིང་པོ་ཞིག་བྱས་ཡོད་པ་རེད། གཏམ་བཤད་བྱས་པ་དེ་རྗེས་མ་ཡིག་ཐོག་ལ་བཀོད་ནས་དྲ་རྒྱ་ལ་སོགས་པའི་ནང་ཡོངས་ཁྱབ་ཀྱིས་བཀོད་ཡོད་པ་རེད། ཡིག་ཆ་དེའི་མིང་ལ་ཡང་བཟོད་གསོལ་ཞེས་བཏགས་ཡོད་རེད། དེའི་ནང་ལ་ངས་ག་རེ་ཞུས་ཡོད་རེད་ཟེར་ན། ལོ་བཅུ་ལ་ཚོགས་གཙོ་བྱས་པའི་སྐབས་ལ། ཐོག་མར་ཚོགས་གཙོ་མ་བྱས་པའི་དུས་སུ་བྱེད་ཐུབ་ཀྱི་ཡོད་པའི་སྣང་བ་ཤར་བའི་ལས་དོན་མང་ཆེ་བ་ཞིག་བྱེད་མ་ཐུབ་པ་དང་། དེ་འདྲ་ཡིན་སྟབས། མ་འོངས་པ་ལ་གཞུང་གི་སྒྲིག་འཛུགས་ཀྱི་ནང་ལ་མིང་ཁུར་ནས་ལས་ཀ་བྱེད་པ་དེ་རྩ་བ་ཉིད་ནས་ཡོང་ས་མ་རེད། དེ་འདྲ་ཡིན་སྟབས། མ་འོངས་པ་ལ་མང་ཚོགས་དང་སྤྱི་ཚོགས་ཀྱི་ཆ་ཤས་མི་སྒེར་ཞིག་ཡིན་པའི་དབང་གིས། རང་ལ་འཁྲི་བའི་སྤྱི་ཚོགས་ཀྱི་ལས་འགན་དེ་གང་ཐུབ་སྒྲུབ་རྒྱུ་ཞིག་དང་། གཞུང་འབྲེལ་མ་ཡིན་པའི་ལམ་ནས་སྤྱི་ཚོགས་ལ་ཕན་ཐོགས་འདྲ་བྱེད་རྒྱུ་ཡོད་ན། དེ་བྱེད་རྒྱུ་མ་གཏོགས་སྒྲིག་འཛུགས་ཀྱི་ལས་གནས་རྗེས་འབྲེལ་ཀྱི་ཞབས་ཕྱི་ཞུ་རྒྱུ་དེ་ཡོང་ས་མ་རེད་ཅེས་ངས་གསལ་པོ་ཞུས་ཡོད་པ་རེད།

གསལ་པོ་བྱས་ནས་ཞུས་མིན་ལ་མ་ལྟོས་པར། དེ་རྗེས་བཀའ་བློན་ཁྲི་པ་སྐབས་དང་པོ་དང་བཀའ་བློན་ཁྲི་པ་སྐབས་གཉིས་པ་གཉིས་ལ་ཁྱེད་རང་ཚོས་ངས་ཞུས་པ་དེ་ལ་མ་གསན་པར། ཡང་བསྐྱར་རྐང་བཙུགས་ནས་བྱས་པའི་བཟོ་ལྟ་བུར་འོས་ཤོག་བླུགས་པ་རེད། འོས་ཤོག་བླུགས་ཡོང་དུས་གང་འཚམས་ནོར་འཁྲུལ་ཕྱིན་ཡོད་ན་ཡང་ང་ཚོ་མཉམ་དུ་རེད། ངས་ནོར་བ་མ་རེད་དེ། འོས་ཤོག་བླུགས་མཁན་གྱིས་ནོར་བ་རེད། དགོངས་སེལ་ཞུ་དགོས་བྱུང་ན་ཕར་ཞུ་ཚུར་ཞུ་རེད་མ་གཏོགས་ངས་ཞུ་དགོས་པ་ཆགས་ཀྱི་མི་འདུག་བསམ་ཀྱི་འདུག དེ་འདྲ་བྱས་ནས་ད་རིང་དགོངས་སེལ་ཞུ་རྒྱུའི་ལས་རིམ་དེ་མི་དགོས་པ་བྱས་པ་ཡིན།” ཅེས་གསུངས་སོང་། ཉིན་རྒྱབ་འབྲས་བློ་གླིང་སློབ་གྲྭའི་ཚོགས་ཁང་དུ་འདོད་དགུ་གླིང་གི་གཞིས་འགོ་ངོ་ལས་ཀྱིས་གཙོས་པའི་ས་གནས་འབྲེལ་ཡོད་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་བྱེད་རྣམས་དང་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་། དེ་རྗེས་མོན་གྷོ་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭའི་ཚོགས་ཁང་དུ་དགེ་ལས་སློབ་མ་ཡོངས་ལ་བཀའ་སློབ་གསུང་བཤད་གནང་། དེར་བཀའ་ཁྲི་མཆོག་གིས་སློབ་ཕྲུག་རྣམས་ཀྱིས་གནའ་དེང་གི་ཤེས་ཡོན་ལ་སྦྱང་བ་དོན་ལྡན་བྱེད་དགོས་པ་དང་། སློབ་ཕྲུག་རྣམས་ནི་བོད་ཀྱི་མ་འོངས་ཀྱི་འགན་ཁུར་ཆེན་པོ་ཡོད་པའི་ལམ་སྟོན་ཞལ་ཏ་གནང་ཡོད་པ་རེད།།

མོན་གྷོ་གསར་འགོད་པས།

{jcomments on}