བཙུན་མ་ཆོས་དབྱིངས་ལ་བརྩི་མཐོང་གཟེངས་རྟགས།

དེ་ཡང་ཕྱི་ལོ་ ༢༠༡༡ འདི་བཞིན་བལ་ཡུལ་རྒྱལ་ཁབ་ཀྱིས་གཞུང་འབྲེལ་ཡུལ་སྐོར་ལོ་ལ་སྲུང་བརྩི་བྱེད་བཞིན་པ་དང་བསྟུན། བལ་ཡུལ་ཡུལ་སྐོར་ལོའི་ཚོགས་ཆུང་གི་ཚོགས་འདུ་བརྒྱུད་ཐག་ཆོད་བྱུང་བ་ལྟར་ ༢༠༡༡ བལ་ཡུལ་ཡུལ་སྐོར་ལོའི་མཛའ་འབྲེལ་ཁྱད་ལྡན་པའི་སྐུ་ཚབ་ཞེས་བའི་ཆེ་བསྟོད་གཟེངས་རྟགས་ཕྱག་འཁྱེར་དེ་མཛད་སྒོ་ཞིག་དང་མཉམ་དུ་བལ་ཡུལ་ཡུལ་སྐོར་ལོའི་གཞུང་འབྲེལ་ཚན་ཁག་གི་འགོ་ཁྲིད་སྐུ་ཞབས་  Prachanda Man Shrestha མཆོག་གིས་བལ་ཡུལ་ནང་གི་གཟུངས་སྔགས་དབྱངས་ལ་འགུག་མཁས་མགུར་མ་སྐད་གྲགས་ཅན་ཆོས་དབྱིངས་སྒྲོལ་མར་ཕུལ་ཡོད་པ་དང་། སྐབས་དེར་ ཆོས་དབྱིངས་སྒྲོལ་མས་ཕྱག་འཁྱེར་དེ་རག་པར་དགའ་སྤྲོ་བྱུང་། ད་བར་ཁོ་མོས་འཇོན་ཚོད་ཀྱིས་བལ་ཡུལ་ཕྱི་ནང་དུ་ལས་ཀ་བྱས་བ་ལྟར། མུ་མཐུད་ད་ལོ ༢༠༡༡ བལ་ཡུལ་ཡུལ་སྐོར་ལོ་འདི་རྒྱལ་སྤྱི་རང་བཞིན་གྱིས་ཁྱབ་སྤེལ་ཡོང་ཐབས་ཐད་འབད་པ་བྱེད་རྒྱུ་ཡིན་པ་སོགས་གསུངས་ཡོད་འདུག

དེ་སྔོན་བལ་ཡུལ་ཡུལ་སྐོར་ལོའི་མཛའ་འབྲེལ་ཁྱད་ལྡན་པའི་སྐུ་ཚབ་ཞེས་བའི་ཆེ་བསྟོད་ཕྱག་འཁྱེར་དེ་འཛམ་གླིང་ནང་གི་མི་ཆུང་ཤོས་དང་སྐུ་གཟུགས་ཐུང་ཤོས་བལ་ཡུལ་གྱི་མི་ཆུང་ K Thapa ཞེས་པ་དང་། རྒྱ་གར་རྒྱལ་ཡོངས་གྱི་ན་གཞོན་གླུ་བ་རྩེ་ཕུད་བྱ་དགའ་ཐོན་མཁན་ Pershan Tamang འཛམ་གླིང་གི་ཡང་རྩེ་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་དབུ་རྩེ་ལ་ཐེངས་ཉི་ཤུ་ཙམ་འཛེགས་མྱོང་བ་དང་། འཛམ་གླིང་ལ་བྱུང་མ་མྱོང་བའི་བྱས་རྗེས་འཇོག་མཁན་ Apa Sharpa བཅས་ལ་ཕུལ་ཐོག་ཨ་ནེ་ཆོས་དབྱིངས་སྒྲོལ་མར་ཕུལ་བ་དང་། དེ་རྗེས་ཉེ་དུས་བལ་ཡུལ་གྱི་བུད་མེད་མཛངས་མའི་དབུ་རྒྱན་ཐོབ་མཁན་བཅས་ལ་ཕུལ་ཡོད།

ཨ་ནེ་ཆོས་དབྱིངས་སྒྲོལ་མ་ནི་ ༡༩༧༡ ལོའི་ཟླ་བ་ ༦ པའི་ཚེས་ ༤ ཉིན་བལ་ཡུལ་གྱི་རྒྱལ་སར་སྐྱབས་བཅོལ་བོད་མིའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་། ལོ་ན་བཅུ་གསུམ་ལ་སོན་སྐབས་རབ་དུ་བྱུང་ནས་རྒྱལ་སའི་ཉེ་འགྲམ་ཀྱི་སྤྲུལ་སྐུ་ཨྱོན་རིན་པོ་ཆེའི་སྣ་དགེ་དགོན་པ་ཞེས་པར་ཆོས་ཞུགས་བྱས་པ་དང་མཉམ་རིན་པོ་ཆེ་དང་ཁོང་གི་སྐུ་ཟླ་སོགས་བཤེས་གཉེན་ལ་བརྟེན་སྐབས། ཁོ་མོར་སྐད་ངག་སྙན་མོ་ཞིག་ཡོད་པར་དམིགས་ནས་ཆོས་ཀྱི་འདོན་དབྱངས་དང་དམིགས་བསལ་གཅོད་སོགས་འདོན་རྒྱུར་སྦྱངས་བ་བྱས་མཐར། ཕྱི་ལོ་ ༡༩༩༧ ལོར་ཁོ་མོའི་འོད་སྡེར་ཐོག་མ་“གཅོད་”ཅེས་པ་དེ་ཨ་མི་རི་ཁའི་སྒྲ་འཇུག་ཁེ་ལས་ཚན་པ་ཞིག་གིས་འཛམ་གླིང་རང་བཞིན་གྱིས་འདོན་སྤེལ་བྱས་ཡོད། སྐབས་དེ་ནས་བཙུན་མ་ཁོ་མོའི་སྐད་ངག་སྙན་མོ་དེ་བོད་བརྒྱུད་ནང་བའི་ཆོས་ཀྱི་དབྱངས་རྟ་དང་། ནང་པ་སངས་རྒྱས་བའི་ནང་སེམས་ཀྱི་ཞི་བདེ། བྱམས་བརྩེ་རང་བཞིན་གྱིས་བདག་ཅག་གི་སྟོན་པའི་འཁྲུངས་ཡུལ་བལ་ཡུལ་རྒྱལ་ཁོངས་ནས་བརྒལ་ཏེ་འཛམ་གླིང་གོ་ལའི་ཁྱོན་ལ་ཁྱབ་ཡོད་ལ། བལ་ཡུལ་གྱི་སྲིད་དོན་པ་གྲགས་ཅན་དང་བལ་ཡུལ་གྱི་དེ་སྔོན་སྲིད་བློན་འདས་བོ་ G P Koirala མཆོག་གིས་དེ་སྔོན་ཁོང་གི་སྙུང་གཞིའི་སྐབས་ཆོས་དབྱིངས་སྒྲོལ་མའི་ཆོས་དབྱངས་འོད་སྡེར་ལ་ཉན་ན་སེམས་ཁམས་ལྷོད་ལ་འབབ་པ་སོགས་ཀྱི་ཕན་ཐོགས་བྱུང་ཚུལ་ཡང་གསར་ལམ་ཁག་ལ་བཤད་ཡོད།

ནང་ལ་བཀྲ་ཤིས་པ་བྱུང་ན་ཕྱིའི་དོན་འགྲུབ་པ་ཡོང་ཟེར་བ་ལྟར་ད་དུང་བཙུན་མ་ཁོ་མོར་ལྷན་སྐྱེས་ཀྱི་སྐད་ངག་དེ་དང་མཉམ་ཁོང་ལ་ཕུགས་འདུན་དམིགས་ཡུལ་མི་དམན་པ་ཡོད་པ་སྐད་གྲགས་དང་འཇོན་ཐང་ལ་བསྟུན་ནས་གསར་གཏོད་དང་སྤྱི་ཚོགས་ཕན་བདེ་བསྐྲུན་ཐབས་ལ་ཤེས་ཡོན་སློབ་གསོ་དང་། འཕྲོད་བསྟེན་སོགས་ཀྱི་ལས་དོན་ཡོད་ཚད་མངོན་འགྱུར་ཡོང་རྒྱུར་འབད་བརྩོན་བྱས་ནས་གྲུབ་འབྲས་མི་དམན་པ་བྱུང་དང་འབྱུང་བཞིན་ཡོད་པ་རེད། དེ་ཡང་ཕྱི་ལོ་ ༡༩༩༨ ལོར་ཁོ་མོས་བཙུན་མའི་བདེ་དོན་ཐེབས་རྩ་ཞེས་པའི་ལས་ཁུངས་གསར་དུ་བཙུགས་པ་དང་མཉམ་དེ་ལས་མཆར་འོག་ཕྱི་ལོ་ ༢༠༠༠ ལོར་བཙུན་མ་བདུན་ཙམ་ལས་མེད་པའི་ཨཱརྱ་ཏཱ་ར་སློབ་གྲྭ་གསར་འཛུགས་གནང་བ་དང་། ད་ཆ་སློབ་གྲྭ་དེ་བཞིན་ཁང་ཆེན་ཐོག་བརྩེགས་ལྔ་ཡོད་པའི་ཚད་ལྡན་བཙུན་མའི་སློབ་གཉེར་བྱེད་ས་ཡག་པོ་ཞིག་ལ་གྱུར་ཐོག་ནང་ཁུལ་དུ་བསྒོམ་ཁང་དང་། སློབ་ཁང་། དཔེ་མཛོད་ཁང། གློག་ཀླད་ཁང་། བཞུགས་ཤག་སོགས་ཡོངས་སུ་ཚང་བའི་ཐོག་བཙུན་མ་ཚོར་བོད་ཡིག་དང་དབྱིན་ཡིག། སྤྱི་ཚོགས་རིག་གནས། ཨང་རྩིས་སོགས་སློབ་ཁྲིད་བྱེད་བཞིན་པ་རེད།

བལ་ཡུལ་ས་གནས་གསར་འགོད་པས།

{jcomments on}