༧རྒྱལ་བ་ཀརྨ་པ་ལ་འགྲོ་བ་མིའི་ཐོབ་ཐང་དགོས།
སྐབས་དེར་༧སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་དང་། སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ། དེ་བཞིན་གྲུ་གུ་ཆོས་རྒྱལ་རིན་པོ་སོགས་དང་ས་གནས་དེ་གའི་དགོན་སྡེ་ཁག་གི་མཁན་སྤྲུལ་དགེ་འདུན་པ་ཧ་ཅང་མང་པོ་དང་མི་མང་ཁྲི་ལྷག་ཙམ་མཉམ་ཞུགས་གནང་འདུག སྐབས་དེར་ས་གནས་སྦེལ་ཀོབ་ཀྱིི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་སེར་སྨད་བློ་དགས་མར་མེའི་ཁྲོམ་སྐོར་བྱེད་དགོས་པའི་རྒྱུ་མཚན་གསལ་བཤད་དང་། རྒྱ་གར་གྱི་གསར་འགོད་པ་མང་པོ་ཡང་མར་མེའི་ཁྲོམ་སྐོར་འདི་ལ་བཅར་ནས་གནད་དོན་འདྲི་ཞིབ་གནང་བ་ལ་མི་འགྱུར་རིན་པོ་ཆེ་དང་། ཆོས་རྒྱལ་རིན་པོ་ཆེ་སོགས་ནས་ལན་འདེབས་གནང་སོང་།
ཐོག་མར་མི་འགྱུར་རིན་པོ་ཆེ་ནས་༧རྒྱལ་དབང་ཀརྨ་པ་གང་ཉིད་རྒྱ་ནག་གི་སོ་པ་མིན་པའི་ཁུངས་སྐྱེལ་དང་དཔང་རྟགས་གསལ་པོ་ཡོད་བཞིན་དུ་གསར་འགོད་པ་ཁག་ཅིག་གིས་དཀྲོག་གཏམ་བཟོ་བ་འདི་ཉིད་༧རྒྱལ་དབང་ཀརྨ་པའི་མཚན་གྱི་ཆེ་མཐོང་ལ་གུས་ཞབས་མེད་པ་དང་ཁོང་གི་རྗེས་འཇུག་སློབ་མ་ས་ཡ་མང་པོ་ལ་བརྙས་བཅོས་དང་ཐུབ་ཚོད་ཚད་ལས་འདས་པ་ཡིན་པས་གསར་འགོད་པ་དག་གིས་ངེས་པ་རྒྱ་ཆེའི་མི་མང་མདུན་དུ་དགོངས་དག་དང་གསལ་བཤད་ཞུ་དགོས། དེ་བཞིན་གནད་དོན་འཕྲད་པའི་དངུལ་དེ་དག་དད་ལྡན་མང་པོས་སྐྱབས་བསྔོའི་རྟེན་དུ་ཕུལ་བ་ཤེས་གསལ་བཞིན་དེའི་ཐད་གཞི་མེད་ཀྱི་དཀྲོག་གཏམ་མང་པོ་མི་བཟོ་བ་དང་།
རྒྱ་གར་གཞུང་ནས་ཀྱང་སྙིང་བརྩེ་ཆེན་པོས་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་ལ་འགྲོ་བ་མི་ཡི་ཐོབ་ཐང་དང་མཐུན་པའི་རང་དབང་གནང་དགོས་པ་དང་ས་ཕྱོགས་གང་ལ་ཕེབས་ནའང་ཕེབས་བསྐྱོད་ཆོག་པའི་ཐོབ་ཐང་གཅིག་གྱུར་གནང་དགོས་པ་མ་ཟད། དེ་བཞིན་༧རྒྱལ་དབང་ཀརྨ་པ་མཆོག་གི་ཁྲིམས་མཐུན་གྱི་ཚོགས་པ་འཛུགས་རྒྱུ་ལ་མགྱོགས་མྱུར་ཆོག་མཆན་གནང་བར་འབོད་བསྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་སོང་། དེ་དང་མཐུན་པར་ཆོས་རྒྱལ་རིན་པོ་ཆེ་དང་། ཆོས་འཕེལ། ངག་དབང་། ཕྱི་རྒྱལ་བ་སོགས་ཁག་གཅིག་གིས་འགྲེལ་བརྗོད་དང་ལན་འདེབས་ཡང་གནང་སོང་།
གནས་ཚུལ་མཁོ་འདོན་པ་མཁན་པོ་ཀུན་དགའ་འཕྲིན་ལས་ཀྱིས་རྡོ་རྗེ་གདན་ནས།