ཆབ་སྲིད་བཙོན་པ་ཁག་ཅིག་ལ་མནར་གཅོད།
རང་ཉིད་བཙོན་དུ་ཚུད་རྐྱེན་ནག་ཉེས་ངོས་འཛིན་ཐུབ་པ་དང་། རྗེས་སུ་བཙོན་གྲོལ་སྐབས་མང་ཚོགས་ལ་དེ་ལྟར་བྱེད་མི་རུང་བའི་བསླབ་བྱ་རྒྱག་རྒྱུ་ཁས་ལེན་དང་ས་རྟགས་བཀོད་དགོས་སྐོར་བརྗོད་སྐབས། ཁོ་ཚོས་ས་རྟགས་མ་རྒྱབ་པ་མ་ཟད་ང་ཚོས་ནོར་མེད། ནོར་མཁན་ཁྱོད་རིང་ཚོ་རེད་ཅེས་ཉེན་རྟོག་པ་ལ་བདེན་ལུགས་བཤད་སྐབས། ཉེན་རྟོགས་པ་ལ་རྒྱུ་མཚན་མི་འགྲོ་བ་མ་ཟད། ཁོང་ཁྲོ་ཆེན་པོས་དེ་རིང་ཁྱེད་ཚོ་གསོད་རྒྱུ་ཡིན་ཞེས་རྡུང་རྡེག་ཚད་མེད་བཏང་འདུག སྐབས་དེར་ཨ་ཀྲུག་བློ་སྤོས་ཁྱོད་ཚོའི་ལག་འོག་ལས་ཤི་བ་ལས་འདི་ལྟར་ཤི་ན་དགའ་ཞེས་རང་ཉིད་ཀྱི་མགོ་བོ་རྩིག་པར་ཤུགས་ཆེན་བརྡབ་པའི་དྲན་མེད་དུ་རྒྱལ་འདུག ཉེན་རྟོག་པས་ཉེས་རྡུང་ཡང་ཡང་བཏང་རྗེས་རུང་རྒྱས་ཨ་གྲགས་དང་། ཨ་ཀྲུག་བློ་སྤོ་གཉིས་བཙོན་ནག་ཏུ་བཅུག་འདུག
བཙོན་ཁང་དེའི་ནང་ཡོད་པའི་བོད་རིགས་བཙོན་པ་ཚང་མས་རྡོག་རྩ་གཅིག་སྒྲིལ་ཐོག་ཁོང་གཉིས་གུ་ཡང་ཡོང་སླད་དུ་བཙོན་པ་རྣམས་ཀྱི་འཐུས་ཚབ་ཀིརྟི་འཇིགས་མེད་གཙོས་རྒྱའི་སྐད་ཡིག་ཤེས་མཁན་མི་གསུམ་གནས་ལུགས་བཤད་དུ་འགྲོ་སྐབས། ཉེན་རྟོག་པ་རྣམས་ཀྱིས་མ་ཉན་པ་མ་ཟད། ཁྱོད་ཚོས་ས་ཆ་འདི་གང་ཡིན་ཤེས་ཀྱི་འདུག་གམ་ཞེས་ཕྱིར་བཏང་འདུག དེ་ནས་བཙོན་པ་རྣམས་འུ་ཐུག་ནས་ཁོང་གཉིས་གློད་གྲོལ་དགོས་ཞེས་སྐད་འབོད་བྱེད་སྐབས། བཙོན་པ་ཚང་མར་འདྲི་རྩད་ཚད་ལས་བརྒལ་བ་བཏང་འདུག སྐབས་དེར་ཁོང་གཉིས་ཀྱིས་ཁྱེད་ཚོའི་དེ་ལྟར་མ་བྱེད་རོགས། རྒྱ་རྒན་ཚོས་སྐད་ཆར་ཉན་གྱི་མ་རེད། ཁྱེད་ཚོར་འདི་ལྟར་ཉེས་རྡུང་བཏང་བ་མཐོང་ཚེ་ངེད་གཉིས་ཀྱི་སེམས་ནས་བཟོད་ཀྱི་མི་འདུག་ཅེས་བཤད་འདུག དེ་བཞིན་ནང་མི་ཐུག་འཕྲད་ཀྱང་བྱེད་ཆོག་པའི་ཡིག་ཆ་ཚང་མ་ཡོད་ཀྱང། རྒྱུ་མཚན་མེད་པར་ཐུག་ཆོག་གི་མེད་ཅེས་དམ་དྲགས་ཆེ་རུ་གཏོང་བཞིན་འདུག་པས། ངས་པར་འདི་རྣམས་མང་ཚོགས་མདུན་སྦྱར་འགྲེམས་བྱས་པ་ཡིན། གཞན་ཡང་ལི་ཐང་མི་མང་ཡོངས་རྫོགས་ཀྱི་རུང་རྒྱས་ཨ་གྲགས་ཁོང་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་དང་ཡི་རངས་ཤུགས་ཆེན་ཡོད་པ་ལ་རྒྱ་ནག་གིས་འཆར་གཞི་ལྡན་པའི་ཐོག་ནས་མི་མང་གི་འདོད་མོས་ཆེ་བའི་ལས་རིགས་ཀྱི་བྱེད་སྒོ་གང་ཡིན་ཡང་། བཀག་བསྡོམས་ཀྱིས་དེ་ལྟར་བྱེད་ཆོག་གི་མ་རེད། དེ་མི་ཆོག་པ་རུང་རྒྱས་ཨ་གྲགས་ཀྱིས་བཟོས་པ་རེད་ཅེས་དང་། ལྷག་པར་རྒྱ་གར་དུ་ཡར་མར་འགྲོ་བྱེད་ལམ་ཡིག་ལི་ཐང་ལ་དམིགས་བསལ་དམ་དྲག་བྱས་པ་མ་ཟད་དེ་རུང་རྒྱས་ཨ་གྲགས་ཀྱིས་བཟོས་བ་རེད་ཅེས་མི་མང་ལ་གླེང་ཕྱོགས་སྣ་ཚོགས་བཟོ་བཞིན།། རྒྱས་ཨ་གྲགས་ཀྱི་ཚ་བོ་ཨ་ཀྲུག་ཚེ་བརྟན་གྱིས་གནས་ཚུལ་འགྲེམས་སྤེལ་བྱས།