༧རྒྱལ་བ་ཀརྨ་པའི་ཉིན་རེའི་མཛད་རིམ་རྒྱུན་ལྡན་བཞིན་རེད།
གསར་འགོད་ལྷན་ཚོགས་ཐོག་བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་དང་སྤྱི་འཐུས་རྒྱུན་ལས་མཉམ་ཞུགས་ཀྱིས། རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་པ་འབྲས་ལྗོངས་བ་ཀརྨ་སྟོབས་ལྡན་ལགས་དང། རྒྱ་གར་དབུས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་སྐུ་ཞབས་ནཱ་རེ་ཤི་མ་ཏུར་ལགས་གཉིས་ཀྱིས་ཀརྨ་པའི་བླ་བྲང་གི་གནད་དོན་དེའི་སྐོར་ལ་གསལ་བཤད་བྱས་སོང་། དང་པོ་རྒྱལ་དབང་ཀརྨ་པ་བོད་ནས་བཙན་བྱོལ་དུ་ཕེབས་དགོས་དོན་དང་། བཙན་བྱོལ་དུ་བཞུགས་དགོས་དོན། གཉིས་པ་ཁོང་གི་དངུལ་གྱི་ཡོང་ཁུངས་དང་ཕྱི་དངུལ་ཉར་འཇོག་དགོས་དོན་སོགས་རེ་རེ་བཞིན་འགྲེལ་བརྗོད་བྱས་རྗེས།
ཁྲིམས་རྩོད་པ་ནཱ་རེ་ཤི་མ་ཏུར་གྱིས་གསལ་བཤད་གནང་དོན། བླ་བྲང་ནས་རྒྱ་ནག་གི་དངུལ་མང་པོ་ཞིག་ཐོན་ཡོད་སྟབས་རྒྱ་གཞུང་དང་འབྲེལ་བ་ཡོད་པའི་དོགས་གཞི་ཞིག་བྱུང་ཡོད། དེ་ནི་དགོད་བྲོ་བ་ཞིག་རེད། རྒྱ་སྒོར་ཡོད་པ་ཙམ་གྱིས་རྒྱ་གཞུང་ལ་འབྲེལ་བ་ཡོད་དགོས་ན། ཕྱི་དངུལ་མང་ཤོས་ཨ་སྒོར་ཐོན་ཡོད། དེས་ན་ཀརྨ་པ་ཨ་རིའི་གསང་མྱུལ་བ་རེད་ཟེར་ན་འགྲིག་གམ། ཀརྨ་པ་བླ་བྲང་གི་ཕྱི་དངུལ་ལས་རྒྱ་སྒོར་གྱིས་བརྒྱ་ཆ་༡༠ ཙམ་ལས་ཟིན་མེད། དེ་རྣམས་བོད་ནས་ཕེབས་པའི་མཆོད་མཇལ་བ་དང་། རྒྱ་རིགས་དད་ལྡན་པ་ཚོས་ཕུལ་བ་རྐྱང་རྐྱང་རེད། བོད་དང་རྒྱ་ནག ཕྱི་རྒྱལ་སོགས་ནས་ཉིན་ལྟར་ཀརྨ་པར་མཇལ་དུ་ཡོང་མཁན་ག་ཚོད་ཡོད་མེད་ཀྱི་གྲངས་ཐོ་རྒྱ་གར་གཞུང་ལ་གསལ་པོ་ཡོད་པ་རེད། ཐེངས་འདིའི་དོན་རྐྱེན་ཐད་ཉེན་རྟོག་པས་གོ་འཛུལ་ཆེན་པོ་ཐེབས་འདུག
ཕྱི་དངུལ་དངུལ་ཁང་ལ་འཇོག་རྒྱུར་རྒྱ་གར་དབུས་ལྷན་ཁང་ལ་ཆོག་མཆན་ཞུས་ཡོད་ཀྱང་། ད་བར་རྒྱ་གར་གཞུང་གིས་ཡ་ལན་སྤྲད་མེད་སྟབས། ཕྱི་དངུལ་རིགས་བླ་བྲང་དུ་མི་ཉར་ཐབས་མེད་བྱུང་ཡོད། དེའི་ཐད་རྒྱ་གར་གཞུང་ལ་ཡང་འགན་ཡོད་པ་རེད་ཅེས་དང། ཨུ་ཎ་ནས་ཕྲོགས་པའི་ཧིན་སྒོར་འབུམ་༡༠༠ ཐམ་པ་དེ་ས་ཆའི་བདག་པོ་རང་གི་དངུལ་རྐྱང་དགོས་ཞེས་ལབ་རྐྱེན་ང་ཚོས་ལྡི་ལི་ནས་དངུལ་དེ་བཏོན་ནས་སྤྲད་པ་ཞིག་རེད། ས་ཆ་ཉོས་པར་རྒྱ་གར་གཞུང་དང་མངའ་སྡེ་གཞུང་ལ་ཆོག་མཆན་ཆ་ཚང་ཞུས་ཡོད་པ་མ་ཟད། ལྡི་ལི་ནས་ལུགས་མཐུན་ཐོག་བླ་བྲང་གི་དངུལ་གཉེར་གྱིས་ས་བདག་རྒྱ་གར་བ་དེ་གཉིས་ལ་རྩིས་སྤྲོད་བྱས་ཟིན་པའི་བྱུང་འཛིན་ཁ་གསལ་ཡིན་སྟབས། ཧིན་སྒོར་འབུམ་༡༠༠ དེ་ཀརྨ་པའི་བླ་བྲང་ལ་འབྲེལ་བ་མེད་པ་ལྟ་བུ་རེད།
གྱོད་དོན་དེའི་ཐད་ཨུ་ཎ་ས་གནས་ཉེན་རྟོག་སྤྱི་ཁྱབ་གཞོན་པ་ཀཱ་པོར་G.S Kapoor རྒྱུད་སྟོད་དུ་འབྱོར་ཏེ་༧རྒྱལ་བ་ཀརྨ་པ་མཆོག་ལ་དངོས་སུ་བཀའ་མོལ་ཞུས་རྗེས། ཁོང་གིས་གསར་ལམ་ཁག་ཏུ། ངས་ཀརྨ་པ་མཆོག་ལ་དྲི་བ་བཏང་བ་ཁག་ལ་ལན་གསལ་པོ་གནང་སོང་། བླ་བྲང་གི་དངུལ་གྱི་བྱུང་སོང་ཐད་ཁོང་ལ་འབྲེལ་བ་གང་ཡང་མི་འདུག་ཅེེས་བརྗོད་སོང་།
གསར་འགོད་གསལ་བསྒྲགས་དེའི་རྗེས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད། དགུ་བཅུ་གསུམ། རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་ཐུན་མོང་གི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། སྤྱིར་གསར་འགྱུར་བརྒྱུད་ལམ་ཁག་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་བཞིན་ང་ཚོས་བརྩི་བཀུར་བྱེད་ཀྱི་ཡོད། འོན་ཀྱང་ཐེངས་འདིར་རྒྱ་གར་གསར་ལམ་ཁག་ཅིག་གིས་༧རྒྱལ་བ་ཀརྨ་པ་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་ཚུལ་གྱི་དཀྲོགས་གཏམ་སྤེལ་ཏེ། ཀརྨ་པ་མཆོག་ལ་མཚན་སྨད་བྱས་པ་དེར་ངེད་ཚོགས་པ་ལྔས་བོད་རིགས་མི་མང་གི་ཚབ་བྱས་ཏེ། ངོ་རྒོལ་བྱེད་ཀྱི་ཡོད་ཅེས་བཀོད་འདུག
ཉིན་འདི་དག་གི་རིང་༧རྒྱལ་བ་ཀརྨ་པ་མཆོག་གི་མཛད་རིམ་ཡོངས་རྒྱུན་ལྡན་ཡིན་ལ། ཆོས་ཞུ་བ་ཚོར་སྔར་རྒྱུན་བཞིན་མཇལ་ཁ་དང་། མི་སྣ་གལ་ཆེན་རིགས་ལ་ཐུག་འཕྲད་གནང་གི་ཡོད་པ་རེད། ཐེངས་འདིར་བླ་བྲང་ནང་ཧིན་སྒོར་དང་། ལྷག་པར་དུ་ཕྱི་དངུལ་ཉར་འཇོག་བྱས་པ་དེར། རྒྱ་གར་གཞུང་གིས་ཁྲལ་ལམ་ཉེས་ཆད་གཏོང་སྲིད་ཀྱང་། དེ་ལ་ང་ཚོས་ངོས་ལེན་གཙང་མ་ཞུ་རྒྱུ་ཡིན་ལ། དེ་ལས་གཞན་པའི་གནད་དོན་ཚབས་ཆེན་གང་ཡང་ཡོད་པ་མ་རེད་ཅེས་འབྲེལ་ཡོད་ཀྱིས་བརྗོད་སོང།
ཉིན་དེའི་དགོང་མོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་རྒྱུད་སྟོད་གྲྭ་ཚང་གི་མདུན་ཐང་དུ་༧རྒྱལ་བ་ཀརྨ་པ་ལ་རྒྱབ་སྐྱོར་མཚོན་བྱེད་དུ་མི་མང་གིས་མར་མེའི་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་བྱས་སོང་ལ། དེ་བཞིན་ཚེས་༣༡ གི་དགོང་མོ་སླར་ཡང་མི་མང་གིས་ནོར་བུ་གླིང་ཁ་ནས་རྒྱུད་སྟོད་གྲྭ་ཚང་བར་དུ་མར་མེའི་ཁྲོམ་སྐོར་ཞིག་ཀྱང་བྱས་ཡོད་པ་རེད།།
{jcomments on}