ང་ཚོས་གསར་གཏོད་ག་རེ་བྱེད་རྒྱུ་འདུག་ལྟ་དགོས་པ་རེད།
ཕྱི་ཟླ་༢ པའི་ཚེས་༡ ཉིན་༧གོང་ས་མཆོག་གིས་དཔལ་ལྡན་འབྲས་སྤུངས་བླ་སྤྱིའི་འདུ་ཁང་དུ་དད་ལྡན་ཆོས་ཞུ་བ་སེར་སྐྱ་ཕོ་མོ་ཡོངས་ལ་སྒྲོལ་མའི་རྗེས་གནང་གི་བཀའ་དབང་དང་དབུ་བ་རྩ་བ་ཤེས་རབ་བཀའ་ཁྲིད་ཟིན་འབྲས་ཀྱི་ལྗགས་ལུང་མན་ངག་བསྩལ་ཡོད་པ་དང་། ཉིན་རྒྱབ་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་འདུ་ཁང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མོན་གྷོ་འདོད་རྒུ་གླིང་གི་ལས་བསྡོམས་ཚོགས་ཆེན་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པ་རེད།
ཐོག་མར་ལྷོ་གཞིས་ཁག་ལྔའི་སྤྱི་ཁྱབ་བཀྲིས་ཕུན་ཚོགས་དང་མོན་གྷོ་ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ་གཉིས་ཀྱིས་རིམ་པས་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུས་རྗེས། བོད་རྒྱལ་ཁབ་དང་མི་རིགས་བསྟན་སྲོད་བཅས་ཀྱི་ཆེད་སྐུ་ལས་གང་མང་བསྐྱོན་པར། བཀའ་བློན་ཁྲི་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་མོན་གྷོ་འདོད་རྒུ་གླིང་གི་སེར་སྐྱ་ཡོངས་ཀྱིས་བཀའ་དྲིན་རྗེས་དྲན་ཞུ་ཆེད་དུ་གསེར་དངུལ་ལས་གྲུབ་པའི་མཆོད་ཀོང་གི་གཟེངས་རྟགས་ཤིག་༧གོང་ས་མཆོག་གིས་གསོལ་བསྩལ་གནང་རྗེས།
དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། “ཕྱི་ལོ་༢༠༠༡ ནས་བཟུང་ད་ལྟ་བར་དུ་མི་མང་གིས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པའི་ལས་ཁུར་ཐེངས་གཉིས་ཀྱི་ཞབས་ཕྱི་ཞུས་ནས་ལས་ཡུན་ཚང་ལ་ཉེ་བ་ཡིན་སྟབས། ལས་དུས་མ་ཚང་གོང་ལ་རྒྱ་གར་དུ་ཡོད་པའི་བོད་མིའི་གཞིས་སྒར་ཚང་མར་ཐོན་མཇལ་དང་བཀའ་དྲིན་རྗེས་དྲན་ཐུགས་རྗེ་ཆེ་ཞུའི་ཆེད་དུ་བཅར་རྒྱུའི་ལས་རིམ་ནང། དེ་རིང་དགོས་པ་རྒྱུ་མཚན་དམིགས་བསལ་བ་ཞིག་གི་ཐོག་ནས་༧སྐྱབས་མགོན་རིན་པོ་ཆེ་ས་གནས་ལ་ཞབས་སོར་འཁོད་སྐབས་དང་བསྟུན་ནས་བཅར་ཐུབ་ན་ཡག་པོ་ཡོང་ས་རེད་བསམ་པའི་ཚོར་སྣང་བྱུང་སོང་།
དེའི་རྒྱུ་མཚན་ནི། དོལ་རྒྱལ་རྗེས་འཇུག་པ་ཚོ་དང་དོལ་རྒྱལ་བསྟེན་གསོལ་མི་བྱེད་མཁན་དང་ཐོག་དོལ་རྒྱལ་བློས་མ་ཐོངས་པར་རྗེས་འབྲང་ཟུར་དུ་ཐོན་པ་དེ་ཚོ་གདན་ས་ཆེན་པོ་ནས་༧གོང་ས་སྐྱབས་མགོན་ཆེན་པོས་ཆོས་ཕྱོགས་ནས་དབང་ལུང་མན་ངག་ལ་སོགས་པ་གནང་སྐབས་དེ་ཚོ་ཟུར་དུ་བཏོན་པ་མ་གཏོགས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནས་ཟུར་དུ་བཏོན་ཡོད་པ་མ་རེད། ཐོན་མཁན་གྱི་བཏོན་པ་ཡིན་ན་གནས་ཚུལ་ཁག་ཁག་རེད། བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་བོད་མིའི་སྤྱི་ཚོགས་ནས་ཟུར་དུ་བཏོན་མེད་པ་རེད། དེ་འདྲ་སོང་བ་ཡིན་སྟབས། ཆོས་རིག་ལས་ཁུངས། ཤེས་རིག་ལས་ཁུངས། ནང་སྲིད་ལས་ཁུངས་བཅས་ཀྱིས་བོད་མི་སྤྱི་ཡོངས་ཀྱི་ཐོབ་ཐང་གང་ཡོད་པ་ཆ་ཚང་འབུལ་གྱི་ཡོད། མ་ཤེས་པ་ཡིན་ན་བསམ་བློ་གཏོང་རྒྱུ་གང་ཡང་ཡོད་པ་མ་རེད། གང་ཤེས་པ་དེ་ད་ལྟ་བར་དུ་འབུལ་གྱི་ཡོད་པ་རེད། དེ་དང་ཕྱོགས་མཚུངས་སྐྱབས་བཅོལ་ལག་ཁྱེར་བཟོ་རྒྱུའི་མཚོན་པའི་གཞུང་གིས་མཐུན་འགྱུར་ངོས་སྦྱོར་གནང་དགོས་པ་དང་། དྭང་བླངས་དཔྱ་ཁྲལ་བསྡུ་ལེན་བྱེད་རྒྱུའི་མཚོན་པའི་ཡུལ་མིའི་ལས་འགན་བསྒྲུབ་དགོས་རྒྱུའི་རིགས་ལ་དབྱེ་བ་མེད་པ་དེ་ཚང་མས་གསལ་བོ་རེད། དེ་ལ་དོགས་པ་རྣམ་རྟོག་བྱེད་པ་ཡོད་མདོག་ཁ་པོ་མ་རེད་བསམ་གྱི་འདུག ཡིན་ན་ཡང་རང་ངོས་ནས་དྭངས་བླངས་དཔྱ་ཁྲལ་མ་ཕུལ་བ་དང་བོད་ཀྱི་ཡུལ་མིའི་ཁེ་ཕན་དང་སྐྱབས་བཅོལ་བའི་ཁེ་ཕན་རང་འདོད་ཀྱི་ཐོག་ནས་མ་ཞུས་པ་དེ་དག་ཁོ་རང་ཚོ་རང་འདོད་ཀྱི་ཐོག་ནས་ཐག་གཅོད་གནང་བ་ཞིག་རེད་མ་གཏོགས། དེ་ལས་སྤྲོས་པའི་ང་ཚོའི་ངོས་ནས་བྱེད་རྒྱུ་གང་ཡང་ཡོད་པ་མ་རེད་བསམ་གྱི་འདུག”་ཅེས་གསུངས་སོང་།
དེ་རྗེས་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་དོན། “དང་པོ་དེ་ལ་བོད་ཀྱི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་ལ་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ད་ལྟ་བར་སོ་སོ་གྲྭ་པ་གྲྭ་རྐྱང་བྱས་ནས་ལས་ཀ་ཧུར་ཐག་གིས་དུས་ཚོད་ཡོངས་རྫོགས་བཏང་བ་རེད། དེ་ལ་མི་མང་གི་ངོས་ནས་ཡིན་ན་ཡང་ཁ་ཞེ་གཉིས་མེད་དང་དགའ་སྤྲོའི་ཐོག་ནས་རིན་པོ་ཆེ་ལ་གཟེངས་རྟགས་ཕུལ་ནས་དགའ་པོ་ཞེ་དྲག་བྱུང་སོང་། རིན་པོ་ཆེ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།” ཅེས་དང་། ཁོང་གིས་མུ་མཐུད་དུ་གཞིས་ཆགས་ཀྱི་ལས་དོན་སྐོར་ལ་གསུང་དོན། “ང་ཚོའི་གཞིས་ཆགས་ཚུགས་ནས་ལོ་ཡུན་འདི་དག་གི་རིང་ལ་ཡར་རྒྱས་གང་ལ་གང་འཚམ་ཕྱིན་ཡོད་པ་རེད། གཙོ་བོ་ས་གནས་མི་མང་གིས་རྔུལ་ནག་ཐིག་པ་རྒྱག་བཞིན་དུ་དཀའ་ལས་བརྒྱབ་པའི་ལག་རྗེས་རེད། ལོ་རྒན་དེ་དག་ཧ་ལམ་ཚར་བ་རེད། སྔོན་མ་དང་པོ་གཞིས་ཆགས་ཚུགས་པའི་སྐབས་ལ་སྨྱུག་ཁང་འདྲ་བོ་བྱས་ནས། ང་ཡང་དགོང་མོ་སྨྱུག་ཁང་དུ་བསྡད་པ་ཡིན། འགོ་དེ་འདྲ་བྱས་ནས་ཚུགས་པ་རེད། ད་དུང་ང་ཚོའི་མི་འབོར་མང་དུ་འགྲོ་བཞིན་ཡོད་པ་རེད། ས་ཆ་ནི་རྒྱ་ཆེ་པོ་རང་ཡོད་པ་མ་རེད། དེ་འདྲ་ཡིན་དུས་ས་ཆ་གང་ཡོད་པ་དེ་དག་ཕན་ཐོགས་ཡོད་པ་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལག་ཤེས་ཆུང་ཙག་དེ་འདྲ་བྱེད་རྒྱུ་དང་། ཡང་ཚོང་དེ་ཚོ་ཏོག་ཙམ་རྒྱ་བསྐྱེད་རྒྱུ་དང་། ད་ལྟ་བར་དུ་མིས་བྱས་བཞག་པ་དེ་རྐྱང་རྐྱང་བྱས་བསྡད་པ་མ་ཡིན་པར། ང་ཚོས་གསར་གཏོད་ག་རེ་བྱེད་རྒྱུ་འདུག རྒྱ་ཆེ་ས་དང་རླབས་ཆེ་ས་ནས་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད།”ཅེས་བཀའ་སློབ་གནང་རྗེས། ས་འཐུས་ཚོགས་གཞོན་བསོད་ནམས་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་རེད།།
མོན་གྷོ་གསར་འགོད་པས།
{jcomments on}