བདེན་པ་ཡོད་པས་ཁྱེད་རྣམ་པས་སེམས་ཁྲལ་མི་དགོས།
མཚུར་ཕུ་བླ་བྲང་དུ་དངུལ་དམར་གྱི་རྙོག་གྲ་ལྷག་པ་ནས་བཟོས། བོད་མི་ཚོས་སེམས་འཚབ་ཀྱིས་༸རྒྱལ་དབང་ཀརྨ་པར་བདེན་པ་ཡོད་པ་དང༌། དེ་ལ་རྒྱབ་སྐྱོར་མཚོན་ཆེད་དུ་དྷ་སར་མི་མང་གིས་ཁྲོམ་སྐོར་དང་། ༸ཀརྨ་པ་མཆོག་ལ་མཇལ་ཁ་ཞུས་ཡོད་པ་རེད། ཟླ་འདིའི་ཚེས་2 ཉིན་དྷ་ས་གཙུག་ལག་ཁང་ནས་རྒྱུད་སྟོད་གྲྭ་ཚང་གི་༸ཀརྨ་པས་བཞུགས་གནས་བར་དུ་གོམ་བགྲོད་བྱས་རྗེས། རྒྱལ་དབང་ཀརྨ་པས་མཇལ་ཁ་གནང་ཡོད་པ་རེད། མཇལ་ཁ་དེ་རིན་པོ་ཆེའི་འཆར་ཅན་གྱི་ལས་རིན་ཞིག་ཡིན་ནའང་། ཉིན་འདིར་དམིགས་བསལ་གྱིས་མི་མང་འབོར་ཆེན་འཛོམས་ཡོད་པ་དང་། ཧི་མ་ཅལ་མངའ་སྡེ་དད་ལྡན་ཁག་ཅིག་དང་། ཕྱི་རྒྱལ་མི་རིགས་སོགས་ཀྱང་ཆེད་བཅར་བྱས་ཡོད་པ་རེད།
༸རྒྱལ་དབང་ཀརྨ་པ་མཆོག་གིས་གསུང་དོན། ནམ་རྒྱུན་གཟའ་ལྷག་པ་དང་སྤེན་པ་ལ་མང་ཚོགས་མཇལ་གྱི་ཡོད་པ་རེད། དེ་རིང་འདིར་མང་ཚོགས་ཕེབས་ནས་ང་ལ་བརྩེ་བ་དང་ལྷག་བསམ་རྒྱབ་སྐྱོར་ཡོད་པ་མཚོན་པར་བྱས་པ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། ད་ཐེངས་གནས་ཚུལ་ཞིག་བྱུང་ནས་ཚང་མར་གོ་ལོག་ལྟ་བུ་ཐེབས། འུར་སྒྲོག་ལྟ་བུ་བྱས་ཏེ་༸སྐྱབས་མགོན་རིན་པོ་ཆེ་ལ་སྙན་སེང་ཞུ་དགོས་བྱུང་བ་རེད། ང་ཚོ་བོད་མི་ཚང་མས་རྒྱ་གར་ཕ་ཡུལ་གཉིས་པ་ལྟ་བུར་བརྩིས་ཏེ། སྐྱབས་བཅོལ་ནས་བསྡད་ཡོད་པ་རེད། རྒྱ་གར་གཞུང་དེ་རྒྱ་མི་གུང་ཁྲན་ཏང་དང་མི་འདྲ་བར་ཁྲིམས་གཙོ་བོར་བརྩི་མཁན་དང༌། མང་གཙོ་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་ལ་ང་ཚོ་ཚང་མས་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། གནས་ཚུལ་རིམ་པས་གསལ་བོ་ཡག་པོ་ཆགས་ཀྱི་རེད། ཚང་མས་ཐུགས་ཁྲལ་གནང་མི་དགོས། ཐུགས་ལྷོད་ལྷོད་བཞུགས་རོགས་ཞེས་གསུངས་འདུག
མཚུར་ཕུ་བླ་བྲང་གི་མཁན་པོ་དགའ་དབང་ལགས་ཀྱིས་མང་ཚོགས་འདུ་འཛོམས་སར་གསུང་དོན། མཚུར་ཕུ་བླ་བྲང་ལ་གནས་ཚུལ་ཆེ་ཆུང་བཟང་ངན་གང་ཡིན་ཕྱི་གསལ་ནང་གསལ་ལས། སྦས་བསྐུང་དགོས་པ་གང་ཡང་མེད། གནས་ཚུལ་ཁ་ཤས་གོ་བ་ལོག་པ་བྱུང་ཡོད་ས་རེད་མོད། རྒྱ་གར་གཞུང་གིས་ཞིབ་འཇུག་བྱེད་བཞིན་པ་རེད། གནས་ཚུལ་བདེན་པ་གསལ་ཡོང་རྒྱུ་ཡིན་པས། དུས་ཚོད་རིང་འཐུང་ལ་མ་ལྟོས་པར་བདེན་པ་གསལ་ཡོང་རྒྱུ་ཡིན་པས། ཐུགས་ཁྲེལ་གནང་དགོས་པ་མེད་ལ། ཐུགས་ལྷོད་ལྷོད་བཞུགས་ཆོག་གི་ཡོད། ཁྱེད་རྣམ་པར་སེམས་འཚབ་ཡོད་པར་བལྟས་ཟིན་པས། དུས་ཚོད་འཕྲོ་བརླག་བཏང་ཏེ་དཀའ་ལས་རྒྱག་མི་དགོས་པར། དངོས་ཡོད་གནས་ཚུལ་ལ་བདེ་བཞུགས་ཆོག་གི་ཡོད་པས། བདེ་བཞུགས་གནང་རོགས་ཞེས་གསུངས་ཡོད་པ་རེད༎
{jcomments on}