བལ་ཡུལ་དུ་བོད་མི་དང་ཡུལ་མིས་སོ་ནམ་ལོ་སར་སྲུང་བརྩི།

ཕྱི་ཟླ་ ༢ ཚེས་༣ ཉིན་བལ་ཡུལ་དུ་ཡོད་པའི་སྟོད་པ་སྤྱི་ཚོགས་བདེ་དོན་ལྷན་ཚོགས་ཞེས་པས་གོ་སྒྲིག་གནང་བའི་སོ་ནམ་ལོ་སར་སྲུང་བརྩིའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ལ་བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་སྐུ་ཞབས་འཕྲིན་ལས་རྒྱ་མཚོ་ དང་། བོད་མི་མང་སྤྱི་འཐུས་ཚེ་བརྟན་ནོར་བུ་དང་། སྤྱི་འཐུས་རྒྱལ་ནོར་ཚེ་དབང་། མཆོད་མཇོར་ས་གནས་འགོ་འཛིན་ཚེ་རིང་དོན་འགྲུབ་སོགས་གཙོས་མང་ཚོགས་བརྒྱ་ཕྲག་ཁ་ཤས་མཉམ་དུ་འཛོམས་ཡོད་པ་རེད།

སྐབས་དེར་མཛད་སྒོ་གོ་སྒྲིག་བྱེད་མཁན་སྟོད་པ་སྤྱི་ཚོགས་བདེ་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཉི་མ་ཚེ་རིང་གིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎ་ཌལ་རྟེན་གསུམ་ཕུལ་ནས་མཛད་སྒོ་དབུ་འཛུགས་བྱས་སོང་།

sounam losar1མཛད་སྒོའི་ཚོགས་ཐོག་ཏུ་སྟོད་པ་བདེ་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཉི་མ་ཚེ་རིང་གིས་བརྗོད་དོན། ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་།  ཡུལ་སྲོལ་གོམས་གཤིས་སོགས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་དུ་གཏོང་ཆེད་ སྟོད་པ་སྤྱི་ཚོགས་བདེ་དོན་ལྷན་ཚོགས་འདི་བཞིན་༢༠༠༤ ལོར་འགོ་བཙུགས་ནས་ལས་འཆར་ཁག་འདྲ་མིན་སྤེལ་བཞིན་ཡོད་ཀྱང་། ཕྱི་ལོ་༢༠༠༨ ལོར་བོད་ནང་ནས་ས་བྱི་ཞི་བའི་ངོ་རྒོལ་གྱི་དོན་རྐྱེན་བྱུང་བའི་ཁྲོད་ཤ་ཁྲག་རུས་གསུམ་གཅིག་པའི་བོད་རིགས་སྤུན་ཟླ་མང་པོ་ཞིག་གི་ཚེ་སྲོག་རྒྱ་ནག་གི་མེ་མདའི་འོག་ནས་ཤོར་བར་གདུང་སེམས་མཉམ་བསྐྱེད་མྱ་ངན་མཚོན་ཆེད་ལོ་སར་གཏོང་རྒྱུ་མཚམས་བཞག་པ་ཡིན།  གཅིག་མཚུངས་ཀྱིས་ད་ལོར་ཡང་ཡུལ་ཤུལ་དུ་ས་ཡོམ་དང་འབྲུག་ཆུའི་ཆུ་ལོག་སོགས་རང་བྱུང་གི་གོད་ཆག་ཚབས་ཆེན་བྱུང་ནས་བོད་མི་མང་པོའི་ཚེ་སྲོག་ཤོར་བར་གདུང་སེམས་མཉམ་བསྐྱེད་བྱེད་དགོས་ངེས་ཡིན་པར། དེའི་ཐད་ང་ཚོས་རབ་དང་རིམ་པར་གྲོས་མོལ་གོ་བསྡུར་བྱས་པ་བརྒྱུད་མཐའ་དོན་ད་ལོར་དམིགས་བསལ་བོད་ཀྱིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལོ་དགུང་གྲངས་དོན་ལྔར་ཕེབས་པའི་ལོ་ཁྱད་པར་ཅན་ཞིག་ཁེལ་གྱི་ཡོད་པ་དང་།  ལྷག་དོན་ད་སྐབས་བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་རྩ་བརླག་ཏུ་འགྲོ་ཉེན་ཆེ་བའི་ཉེན་འགོག་ཆེད་ད་ལོ་སོ་ནམ་ལོ་སར་དང་བསྟུན་ང་ཚོས་བོད་ཀྱི་གཞས་སྣ་ཞབས་བྲོ་འགྲན་སྡུར་གྱི་ལས་རིམ་སྤེལ་ཐབས་བྱས་པ་ཡིན་ཞེས་སོགས་གསུངས་སོང་།

དེ་ལྟར་སྤྱིར་སྟོད་པ་བདེ་དོན་ལྷན་ཚོགས་ཞེས་བའི་ཁྱབ་ཁོངས་སུ་ཚོགས་པ་ཁག་བཅུ་གཉིས་དང་དགོན་སྡེ་ཁག་བཅུ་གསུམ་བཅས་ཡོད་པ་དང་། ད་ཐེངས་ཚོགས་པ་ཁག་དགུ་དངོས་སུ་གཞས་སྣ་ཞབས་བྲོ་འགྲན་སྡུར་ལ་ཞུགས་ནས་ཚོགས་པ་རེ་ནས་གཞས་སྣ་ཞབས་བྲོ་མ་འདྲ་བ་གཉིས་རེ་འཁྲབ་སྟོན་བྱས་སོང་།

སོ་ནམ་ལོ་སར་ཞེས་པ་དེ་ནི་བོད་སྟོད་ཕྱོགས་སུ་ཡུལ་མི་ཕལ་ཆེ་བའི་འཚོ་རྟེན་ཞིང་ལས་ཡིན་པར་བརྟེན་ལོ་གཅིག་གི་ལས་ཀ་ཡོངས་སུ་རྫོགས་ཏེ་ལོ་གསར་བའི་ནང་མི་ལ་ན་ཚ་མེད་པ་དང་ཕྱུགས་ལ་གོད་ཁ་མེད་པའི་བཀྲ་ཤིས་ལོ་ལེགས་འབྱུང་བའི་རྟེན་ འབྲེལ་ཆེད་སྲུང་བརྩི་བྱེད་སྲོལ་ལ་དར་བ་དང་། གཅིག་མཚུངས་བལ་ཡུལ་ཧི་མ་ལ་ཡའི་རི་རྒྱུད་ནང་པའི་ Mahayana མི་རིགས་ཤར་པ་དང་རྟ་མང་། གློ་བ། དོལ་པོ། ཝ་ལུང་། བྷོ་ཏྲེ། ཉིན་ཞང། མ་རྒར། ཐ་ཀ་ལི། ཡོལ་མོ། རྒུ་རོང་སོགས་ཀྱིས་ཀྱང་སོ་ནམ་ལོ་གསར་འདི་གཏོང་སྲོལ་ཡོད་པ་དེ་ད་ལོའི་ཁོང་ཚོས་སྲུང་བརྩི་བྱེད་པའི་སོ་ནམ་ལོ་སར་ཐེངས་ ༢༡༣༧ ཕྱི་ཟླ་གཉིས་པའི་ཚེས་བཞི་ལ་ཁེལ་གྱི་ཡོད་པར་ཉིན་དེར་ཆེད་དུ་བལ་ཡུལ་གཞུང་འབྲེལ་གྱི་གུང་སེང་ལ་གཏན་ཁེལ་བྱས་ཐོག་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་འདྲ་མིན་ནས་བྱེད་སྒོ་སྤེལ་ཡོད་པ་རེད།

ཆོལ་གསུམ་བོད་ཀྱི་ཡུལ་དུ་ལོ་འགོ་འཛིན་ཚུགས་སྟངས་མི་འདྲ་བ་ཁག་བརྒྱད་དགུ་ལྷག་ཡོད་པ་ལྟར་ལོ་སར་དང་ལོ་སར་གཏོང་བའི་དུས་ཚོད་ཡང་མི་འདྲ་བ་ཁག་ལྔ་ཙམ་ཡོད་པ་སྟེ།  རྒྱལ་པོའི་ལོ་སར་དང་། སོ་ནམ་ལོ་སར། ཧོར་ཟླའམ་རྒྱ་ལོའི་ལོ་སར། ཟླ་བཅུ་གཅིག་པའི་ལོ་སར།  ཟླ་བཅུ་བའི་ལོ་སར་བཅས་ཡོད་པ་རེད་འདུག།

བལ་ཡུལ་ས་གནས་གསར་འགོད་པས།

{jcomments on}