རྩོམ་པ་པོ་སྟག་སྨིག་ལགས་ཡང་བསྐྱར་འཇུས་འདུག
ཁོང་ཉིད་འཛིན་ཟུང་སྔོན་མའི་སྐབས་ཀྱི་བཀའ་རྒྱ་ལ་ཆུ་ཚོད་ཉེར་བཞིའི་རིང་ཁ་པར་སྒོ་རྒྱག་མི་ཆོག་པ་དང་། དུས་ནམ་ཞིག་ལ་ཉེན་རྟོག་ལས་ཁུངས་སུ་སྐད་བཏང་ན་ཡོང་དགོས་པ་སོགས་ཀྱི་སྒྲིག་ཁྲིམས་བརྩི་སྲུང་བྱས་སྟེ་ཕྱིན་འདུག་ཀྱང་། ད་བར་ཟླ་གཅིག་དང་ཉིན་ཉི་ཤུ་ལྷག་འགྲོ་བཞིན་ཡོད་ནའང་ད་དུང་ཁོང་ཕྱིར་རང་ཁྱིམ་དུ་བཏང་མི་འདུག འབྲེལ་ཡོད་ཚོ་ལ་ཁོ་ཚོས་བཤད་པ་ལྟར་ན། ཁོ་ཚོའི་དྲི་བར་ལན་འདེབ་གསལ་བོ་བྱེད་ཀྱི་མེད་པས་ཕྱིར་མ་བཏང་བ་ལས་གཞན་གནས་ཚུལ་གང་ཡང་འབྲེལ་བརྗོད་བྱེད་མི་འདུག
ལོ་སྔོན་མའི་ཕྱི་ཟླ་༧ པའི་ཚེས་༢༧ ཉིན་གྱི་དགོང་མོ་ཁོང་སི་ཁྲོན་མཛོད་དགེ་རྫོང་ཐོག་ཏུ་རྫོང་དེའི་ཉེན་རྟོག་པ་དང་ཀན་ལྷོ་ཁུལ་ཉེན་རྟོག་པ་གཉིས་ཟུང་འབྲེལ་བྱས་ཏེ་འཛིན་བཟུང་བྱས། ཁོང་གི་འཚོ་རྟེན་རྒྱ་སྒོར་ཉིས་ཁྲི་ལྔ་སྟོང་ལྷག་དང་། དཔེ་དེབ། ད་དུང་འོད་སྡེར་མང་བོ་ཞིག་བཙན་འཕྲོག་བྱས་ཏེ་ཐད་ཀར་ཀན་ལྷོ་ཁུལ(གཙོས་གྲོང་ཁྱེར)་ སྤྱི་བདེ་ལས་ཁུངས་སུ་ཁྲིད་དེ་བསམ་ཡུལ་ལས་འདས་པའི་མནར་གཅོད་སྣ་ཚོགས་བཏང་སྟེ། ཟླ་ངོ་གཉིས་དང་ཕྱེད་ལྷག་འགོར་རྗེས། གཞི་ནས་མི་ཆོག་པ་དང་མི་རུང་བའི་བཀའ་རྒྱ་སྣ་མང་ཞིག་གི་འོག་བཟང་བཙོན་ཐོབ་ཙམ་བྱུང་།
སྔར་ཁོང་གིས་བརྩམས་པའི་(མི་ཡུལ་ཕུལ་བའི་སེམས་པ)་ཞེས་པའི་དཔེ་དེབ་དང་། ཡི་གེ་འབྲི་ཀློག་མི་ཤེས་པའི་ཡིག་རྨོངས་པའི་སྡེ་ལ་དམིགས་ཏེ་ཁོང་ཚོའི་གོ་རྟོག་བསལ་ཕྱིར། བརྙན་འཕྲིན་གྱི་ལམ་ནས་བོད་རང་གི་བྱུང་རིམ་དང་། ད་ལྟའི་གནས་སྟངས་དངོས་དྲང་བདེན་གྱི་ལམ་ནས་འབྲེལ་བརྗོད་བྱས་པའི་འོད་སྡེར(བོད་ལ་རང་དབང་མེད་པའི་སྐོར་གྱི་སྙན་ཞུ)་ཞེས་པ་གཉིས་བཏོན་པ་ཁྲིམས་འགལ་ཡིན་རབས་ལས་གཞན་ནག་ཉེས་ཅི་ཡང་བགྲང་རྒྱུ་མི་འདུག
སྐལ་བཟང་དམ་ཆོས་ཀྱིས་རྡ་ས་ནས་གནས་ཚུལ་འགྲེམས་སྤེལ་བྱས།
{jcomments on}