བལ་ཡུལ་གྱི་སྲིད་བློན་གསར་འདེམས་དང་དམ་འབུལ།

བལ་ཡུལ་ལ་ད་བར་སྲིད་བློན་མེད་པར་གྲོས་ཚོགས་ནང་ཟླ་ངོ་དྲུག་ལྷག་གི་རིང་གཞུང་འཛིན་སྲིད་བློན་འདེམས་བསྐོ་ཐེངས་བཅུ་བདུན་ཙམ་བྱས་བའི་མཐར་ཟླ་འདིའི་ཚེས་༣ ཉིན་བལ་ཡུལ་རྒྱལ་ནང་གི་མཱ་ཁ་སི་དང་ལེ་ཉིན་དམར་ཕྱོགས་ཆབ་སྲིད་ཚོགས་པའི་སྐུ་ཞབས་ Jhala Nath Khanal རྒྱལ་ཁབ་གྱི་གཞུང་འཛིན་སྲིད་བློན་ལ་གསར་དུ་མང་མོས་འདེམས་བསྐོ་བྱུང་ཡོད་བ་དང་། སྲིད་བློན་འོས་འདེམས་ཀྱི་དཀའ་རྙོག་རེ་ཞིག་མཇུག་སྒྲིལ་ཡོད་པ་རེད།

དེ་ནི་སྲིད་བློན་འོས་བསྡུ་སྐབས་དང་ཐོག་འོས་མི་བཞི་ཡོད་པའི་ཁོངས་ནས་དམར་ཕྱོགས་མའོ་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ P K Dahal འོས་འདེམས་ཀྱི་ལས་རིམ་སྤེལ་ལ་ཉེ་སྐབས་གློ་བུར་འོས་མིའི་ཁོངས་ནས་ཕྱིར་འཐེན་བྱས་པར་བརྟེན་གྲོས་ཚོགས་ནང་མི་འབོར་མང་ཤོས་ཅན་གྱི་མའོ་ཚོགས་པའི་འཐུས་མི་ཚོས་འོས་མི་མཱ་ཁ་སི་དང་ལེ་ཉིན་དམར་ཕྱོགས་ཆབ་སྲིད་ཚོགས་པའི་སྐུ་ཞབས་ Jhala Nath Khanal ལ་འོས་ཤོག་གི་རྒྱབ་སྐྱོར་བྱས་མཐར་ཁོང་ལ་འོས་གྲངས་༣༦༨ མང་མོས་རྒྱལ་ཁ་ཐོབ་པ་རེད། གཞན་ཀོང་རི་སུ་ཆབ་སྲིད་ཚོགས་པའི་འོས་མི་ Ramchandra paudel ལ་འོས་གྲངས་༡༢༢ མ་དྷི་ཤི་ཆབ་སྲིད་ཚོགས་པའི་འོས་མི་ B K Gachhadar ལ་འོས་གྲངས་༦༧ བཅས་ཐོབ་ནས་སྲིད་བློན་འགྲན་རྩོད་ལ་དཀའ་ངལ་མེད་པར་ཐག་ཆོད་བྱུང་ཡོད།

དེ་ལྟར་བལ་ཡུལ་གྱི་གཞུང་འཛིན་སྲིད་བློན་གསར་འདེམས་བྱུང་མ་ཐག་རྒྱ་གར་དང་། ཨ་མི་རི་ཀ་སོགས་ཀྱིས་དགའ་བསུ་བྱས་བ་དང་མཉམ་མུ་མཐུད་བལ་ཡུལ་རྒྱལ་ནང་གི་ཞི་འགྲིག་ལས་དོན་ཁག་གང་མགྱོགས་ལམ་ལྷོང་དང་། རྒྱལ་སྲིད་སྲ་བརྟན་ཡོང་རྒྱུའི་རེ་བ་བྱེད་བཞིན་པ་སོགས་གསུངས་ཡོད་ལ་ད་དུང་རྒྱ་གར་གྱི་སྲིད་བློན་ Manmohan Singh  མཆོག་གིས་ཡིག་ངག་གཉིས་ཐོག་ནས་བལ་ཡུལ་གྱི་སྲིད་བློན་གསར་པར་འབྲེལ་བ་བྱས་ཏེ། རྟེན་འབྲེལ་ཞུས་བ་དང་མཉམ་རྒྱ་གར་རྒྱལ་ཁབ་ཀྱི་ངོས་ནས་དུས་རྟག་དུ་བལ་ཡུལ་ཞི་བདེ་ལས་དོན་ཁག་ལ་དོ་སྣང་ཆེན་པོ་བྱས་བསྡད་ཡོད་ཐོག་མ་འོངས་པར་ཕན་ཚུན་བར་མཛའ་འབྲེལ་ ཡུན་གནས་དང་ཞི་བདེ་ལས་དོན་ཁག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་པ་གསུངས་ཡོད་པ་རེད།

སྲིད་བློན་གསར་འདེམས་བྱུང་བ་ཁོང་གིས་གྲོས་ཚོགས་ནང་རྒྱལ་ཁབ་གྱི་ཆབ་སྲིད་གནས་སྟངས་ཉག་ཕྲ་བའི་སྐབས་འདིར་ཚང་མས་སོ་སོའི་ཆབ་སྲིད་ཚོགས་པའི་ཁེ་ཕན་ཙམ་ལ་འཐབ་རྩོད་བྱས་ནས་མ་བསྡད་པར་རྒྱལ་ཁབ་སྤྱི་ཡོངས་ཀྱི་ཆེད་དུ་ཚང་མ་ལྡོག་རྩ་གཅིག་བསྒྲིལ་དང་གོམས་སྟབས་མཉམ་སྤོ་བྱས་ནས་མདུན་དུ་བསྐྱོད་རྒྱུ་དེ་གལ་ཆེ་ཤོས་ཡིན་སྐོར་གསུངས་ཡོད་ལ་ཕྱི་ཚེས་ ༥ ཉིན་སྲིད་བློན་གསར་པས་ལས་ཁུར་དམ་འབུལ་བྱེད་རྒྱུ་ཡིན་པ་རེད།

སྲིད་བློན་གསར་པ་མཱ་ཁ་སི་དང་ལེ་ཉིན་དམར་ཕྱོགས་ཆབ་སྲིད་ཚོགས་པའི་སྐུ་ཞབས་ Jhala Nath Khanal ནི་ད་ལོ་དགུང་ལོ་ ༧༠ ཙམ་ཡིན་པ་དང་ཕྱི་ལོ་ ༡༩༦༥ ལོ་ཙམ་ནས་རྒྱལ་ནང་གི་སྲིད་དོན་ཚོགས་པ་ཁག་དང་། ཚོགས་སྡེ་ཁག་འདྲ་མིན་གྱི་ལས་གནས་འདྲ་མིན་བཞེས་མྱོང་ཐོག། རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་དང་བློན་ཆེན་རིམ་པའི་ཐུགས་འགན་ཐེངས་དུ་མར་བཞེས་ཡོད་པ་རེད། ད་དུང་ཆབ་སྲིད་ལས་དོན་ཁྲོད་དུས་ཡུན་འདྲ་མིན་ལ་བཀག་ཉར་བྱས་པ་དང་གསང་ཡིབ་བྱེད་མྱོང་ཡོད་པར་དམིགས་བསལ་མཱ་ཁ་སི་དང་ལེ་ཉིན་དམར་ཕྱོགས་ཆབ་སྲིད་ཚོགས་པ་གསར་འཛུགས་བྱེད་མཁན་གྱི་གྲས་ཡང་ཡིན་པ་རེད།།

བལ་ཡུལ་ས་གནས་གསར་འགོད་པས

{jcomments on}