རྒྱ་གར་གཞུང་མང་ལ་ངོ་རྒོལ་བྱེད་ཀྱི་མེད།
དེ་བཞིན་མར་མེ་ཁྲོམ་སྐོར་ཞུ་དགོས་པའི་རྒྱུན་མཚན་སྐོར་ལ་བཛྲ་བིདྱཱའི་མཁན་པོ་བློ་བཟང་བསྟན་འཛིན་མཆོག་ནས་མི་མང་གསུང་དོན། ཉེ་ཆར་རྒྱལ་བའི་དབང་པོ་ཀརྨ་པ་རིན་པོ་ཆེ་ལ་གསར་འགྱུར་འགོད་མཁན་རྣམས་ཀྱིས་རྒྱུ་མཚན་དེ་ཙམ་མེད་ན་ཡང་ཐད་ཀར་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་མི་རེད་ཟེར་བའི་མཚན་སྨད་ཞུས་ཡོད་པ་དེ། ང་ཚོའི་མ་བཟོད་ནས་དེ་རིང་མར་མེ་ཁྲོམ་སྐོར་འདི་བྱས་པ་ཡིན་ཞེས་གསུངས་སོང། བཀའ་བརྒྱུད་ཉམ་སྐྱོང་ཚོགས་པའི་མཁན་པོ་བསོད་ནམས་རྒྱ་མཚོ་མཆོག་གིས། རྒྱལ་ཁབ་ཉི་ཤུ་རྩ་ལྔའི་དངུལ་ཡོད་པ་ཡིན་དུས་དེ་ག་རང་ནས་བླ་མ་ལ་སྐྱབས་རྟེན་དང་བསྔོ་རྟེན་ཕུལ་བཞག་པའི་དངུལ་ཡིན་པ་གསལ་པོ་ཆགས་ཡོང་གི་ཡོད་རེད་ཅེས་དང། དེ་བཞིན་མར་མེ་ཁྲོམ་སྐོར་བྱེད་པ་འདི་རྒྱ་གར་གཞུང་དང་མི་མང་ལ་ངོ་རྒོལ་གང་ཡང་མིན། འདི་ནི་རྒྱལ་བ་ཀརྨ་པ་ལ་གདུང་སེམས་མཉམ་བསྐྱེད་དང་བདེན་མཐའ་མྱུར་སེལ་ཡོང་བའི་རྒྱབ་སྐོར་གྱི་ཆེད་དུ་ཁྲོམ་སྐོར་འདི་བྱས་པ་ཡིན་ཞེས་གསུངས་སོང། ད་རེས་ཁྲོམ་སྐོར་དེའི་ནང་ལ་དྭགས་མཚན་ཉིད་སློབ་གྲྭའི་ངེས་སྟོན་པ་དབང་ཕྱུག་རྡོ་རྗེ་མཆོག་གཙོས་པའི་སེར་སྐྱ་མི་མང་བཞི་བརྒྱ་ལྷག་ཙམ་ཞིག་གིས་ངག་ནས་ཀརྨ་པ་མཁྱེན་ནོ་ཞེས་པའི་བརྗོད་དོན་འོག་འཁོར་ལྔ་སྡེ་བཟང་པོའི་ཉེ་འཁྲིས་ནས་ཁྲོམ་སྐོར་ཞིག་བྱས་སོང་ལ་རྒྱ་གར་གྱི་ས་གནས་སུ་ཡོད་པའི་གསར་ལམ་ཁག་མང་པོ་ཞིག་ནང་ཁྱབ་བསྒྲགས་བྱུང་འདུག ། ཝ་ཎ་ས་གནས་གསར་འགོད་པ་བཅོ་ལྔ་ཚེ་རིང་གིས།