ནིའུ་ཛ་ལན་ཌིར་“རྒྱ་བོད་མཛའ་འབྲེལ་ཚོགས་པ་”གསར་དུ་བཙུགས་པ།
རྒྱ་ཡིག་(boxun) དྲ་རྒྱའི་ནང་ཕྱི་ལོ་ ༢༠༡༡ ཟླ་༢ ཚེས་༨ ཉིན་གནས་ཚུལ་སྤེལ་གསལ་ལ་གཞིགས་ན། “ནིའུ་ཛ་ལན་ཌི་རྒྱ་བོད་མཛའ་འབྲེལ་ཚོགས་པ་”གསར་འཛུགས་དབུ་འབྱེ་མཛད་སྒོ་དེ་ཟླ་འདིའི་ཚེས་༦ ཉིན་རྒྱབ་ཚོུད་༢ པའི་ཐོག་“ཤིན་པའོ་”ཞེས་པའི་གསར་ཤོག་གསར་པའི་རྩོམ་སྒྲིག་ཁང་དུ་གོ་སྒྲིག་བྱས་པ་དང༌། བོད་རྒྱ་མི་རིགས་སུམ་བཅུ་ལྷག་ཚོགས་བཅར་བྱས་འདུག ཚོགས་རའི་གྱང་ལྡེབས་ཀྱི་དབུས་སུ་བོད་དབྱིན་རྒྱ་གསུམ་ཡིག་རིགས་ཆེན་པོས་རྟེན་འབྲེལ་མཚོན་པའི་སྨོན་ཚིག་བྲིས་ཡོད་པ་རེད།
དབུ་འབྱེད་མཛད་སྒོའི་ཐོག་བོད་རྒྱ་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་དང་རང་དབང་གི་རྩོམ་སྒྲིག་པ་སྐུ་ཞབས་ཁྲེན་ཝེ་ཅེན་གྱིས་ཚོགས་པ་གསར་པ་འཛུགས་པའི་བརྒྱུད་རིམ་ངོ་སྤྲོད་གནང་སྐབས། ཁོང་གིས་“ནིའུ་ཛ་ལན་ཌི་རྒྱ་བོད་མཛའ་འབྲེལ་ཚོགས་པ་”གསར་འཛུགས་བྱ་རྒྱུར་བོད་རྒྱ་མི་རིགས་གཉིས་ཀྱི་མི་སྣས་ཐུགས་འཁུར་ཆེན་པོ་བཞེས་ཏེ་མཉམ་རུབ་ཀྱི་ལས་འགུལ་མང་པོ་སྤེལ་ཡོད་པ་སྟེ། ྋགོང་ས་ཏཱ་ལའི་བླ་མཆོག་གི་འཁྲུངས་སྐར་དུས་དྲན་དང་སྐུ་ཞབས་ལིའུ་ཞའོ་པོ་ལ་ནོར་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་པར་དགའ་སྟོན་ཞུས་པ་སོགས་བརྒྱུད་དེ་བོད་རྒྱ་མི་རིགས་གཉིས་ཕན་ཚུན་འབྲེལ་བ་དང་ཉམས་མྱོང་སྤེལ་རེས་བྱས་པ་བརྒྱུད་ད་ཐེངསབ་“ནིའུ་ཛ་ལན་ཌི་རྒྱ་བོད་མཛའ་འབྲེལ་ཚོགས་པ་”གསར་དུ་དབུ་བརྙེས་པར་རྨང་གཞི་ཡག་པོ་ཞིག་བསྐྲུན་ཐུབ་པ་བྱུང་སྟེ། དེའི་ཐོག་གྲོས་མོལ་བྱས་པ་བརྒྱུད་སྐབས་དང་པོའི་ཚོགས་གཙོ་དང་ཚོགས་གཞོན། དྲུང་ཆེ་བཅས་འདེམས་ཐོན་བྱུང་ཡོད་སྐོར་འགྲེལ་བརྗོད་བྱས་འདུག
ཚོགས་གཙོ་སྐུ་ཞབས་རིན་ཆེན་ལགས་ནི་བོད་དབྱིན་རྒྱ་གསུམ་གྱི་ཤེས་ཡོན་ལྡན་པའི་མི་སྣ་ཞིག་ཡིན་པ་དང་ཁོང་ད་ལྟ་ནིའུ་ཛ་ལན་ཌིར་ཡིག་བསྒྱུར་གྱི་ཕྱག་ལས་གནང་བཞིན་ཡོད། ཚོགས་གཞོན་སྐུ་ཞབས་ཁྲེན་ཝེ་ཅེན་ནི་ཤིན་པའོ་ཞེས་པའི་གསར་ཤོག་གི་རྩོམ་སྒྲིག་པ་ཡིན་པ་དང༌། དྲུང་ཆེ་ཏཱིང་བྱང་ནི་དྲ་རྒྱའི་རྩོམ་པ་པོ་དང་དེ་སྔོན་རྒྱ་ནག་གནམ་བདེ་སྒོ་མོའི་དྲུག་བཞིའི་དོན་རྐྱེན་སྐབས་ཀྱི་སློབ་མའི་གྲས་རེད། ད་ཕན་བོད་ཀྱི་རང་དབང་སླར་གསོའི་དོན་དུ་སྐུ་ལས་བསྐྱོན་གནང་མཁན་ནིའུ་ཛ་ལན་ཌི་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་ལགས་རྒྱ་བོད་ཚོགས་པའི་མཚན་འཛིན་ཚོགས་གཙོར་གདན་ཞུ་གནང་འདུག ཚོགས་གཞོན་ཁྲེན་ཝེ་ཅེན་གྱིས་ཚོགས་བཅར་བ་རྣམས་ལ་བཙན་བྱོལ་བོད་གཞུང་གི་ཨོ་སི་ཀྲོ་རི་ལི་ཡའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་མི་སྣའི་འབྲེལ་མཐུད་པ་སྐུ་སྐྱིད་མ་ཟླ་སྒྲོན་ལགས་ད་རེས་ཆེད་མངགས་རྒྱ་བོད་མཛའ་འབྲེལ་ཚོགས་པ་དངོས་སུ་དབུ་བརྙེས་མཛད་སྒོར་རྟེན་འབྲེལ་ཞུ་བར་ཕེབས་སྐོར་ངོ་སྤྲོད་ཞུས་པ་རེད།
མཛད་སྒོའི་ཐོག་ཟླ་སྒྲོན་ལགས་ནས་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཚབ་ཞུས་ཏེ་“ནིའུ་ཛ་ལན་ཌི་རྒྱ་བོད་མཛའ་འབྲེལ་ཚོགས་པ་”གསར་དུ་དབུ་བརྙེས་པར་བཀྲིས་བདེ་ལེགས་ཀྱི་འཚམས་དྲི་ཞུས་པ་དང་ཆབས་ཅིག་འདེམས་ཐོན་བྱུང་བའི་རྒྱུན་ལས་རྣམ་པར་མཇལ་དར་བསྒྲོན་ཡོད་པ་རེད། ཟླ་སྒྲོན་ལགས་ཀྱིས། “ནིའུ་ཛ་ལན་ཌི་རྒྱ་བོད་མཛའ་འབྲེལ་ཚོགས་པ་”འདི་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་འབོད་སྐུལ་གནང་བ་བཞིན་གསར་འཛུགས་བྱས་པ་ཞིག་རེད། དེ་ཡང༌། ཕྱི་ལོ་༢༠༠༨ ལོར་བོད་ས་ཡོངས་སུ་ཞི་རྒོལ་ཆེན་པོ་བྱུང་རྗེས་ྋགོང་ས་མཆོག་ནས་རྒྱ་ནག་གཞུང་ལ་ཐུགས་རེ་གནང་བ་དེ་ཆུང་དུ་འགྲོ་ཡི་ཡོད་ཀྱང༌། རྒྱ་ནག་མི་མང་ལ་ཡིད་ཆེས་ཆེན་པོ་གནང་གི་ཡོད་ཅེས་བཀའ་སློབ་ཕེབས་དོན་བཞིན། གོམ་གང་མདུན་སྤོས་ཀྱིས་ཕྱི་རོལ་དུ་ཡོད་པའི་བོད་རྒྱ་མི་རིགས་གཉིས་འབྲེལ་བ་དང་ཉམས་མྱོང་སྤེལ་རེས་ཇེ་མང་ཏུ་ཕྱིན་ནས་རྒྱལ་ཁབ་ཁག་ཏུ་སྔ་རྗེས་རྒྱ་བོད་མཛའ་འབྲེལ་ཚོགས་པ་གསར་འཛུགས་བྱས་ཏེ། ལོ་གཉིས་རིང་གྲུབ་འབྲས་ཀྱང་གང་ལ་གང་འཚམས་ཐོབ་ཡོད་པ་མ་ཟད། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་འཚེ་མེད་ཞི་བདེ་དང༌། ཕན་ཚུན་གཉིས་སྨན་གྱི་དབུ་མའི་ལམ་གྱི་བཞེངས་ཕྱོགས་ལ་རྒྱ་ཆེ་བའི་རྒྱ་རིགས་མི་མང་གིས་ངོས་ལེན་དང་། རྒྱ་ནག་གཞུང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་དགོངས་བཞེད་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་མང་གཙོའི་ལམ་སྲོལ་ལ་འགྲོ་བཞིན་པ་སོགས་དྲིལ་བསྒྲགས་གང་ལེགས་བྱུང་ཏེ། རྒྱ་ནག་གཞུང་གིས་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་གཞུང་ལ་རྒྱལ་ཁབ་ཁ་བྲལ་དང་བོད་རྙིང་པ་རོ་ལངས་རྒྱག་གི་འདུག་སོགས་གཞི་མེད་སྐྱོན་འཛུགས་བྱས་པ་རྣམས་གསལ་པོ་ཆགས་ཡོད། “ནིའུ་ཛ་ལན་ཌི་རྒྱ་བོད་མཛའ་འབྲེལ་ཚོགས་པ་” གསར་དུ་དབུ་བརྙེས་པ་དེས་ནིའུ་ཛ་ལན་ཌིའི་ནང་གནས་འཁོད་བོད་རྒྱ་མི་རིགས་གཉིས་ཀྱིས་ྋགོང་ས་མཆོག་གི་དབུ་མའི་ལམ་གྱི་བཞེངས་ཕྱོགས་ལ་དེ་བས་མཁྱེན་རྟོགས་དང་རྒྱབ་སྐྱོར་ཡོང་རྒྱུ་རེད་ཅེས་གསུངས་པ་རེད།
མཛད་སྒོའི་སྟེང་རྒྱ་རིགས་སྐུ་ཞབས་བགྲེས་སོང་ཁྲེན་ལང་དང་བོད་རིགས་སྒྱུ་རྩལ་བ་སྐལ་བཟང་ལགས་གཉིས་ནས་རང་སོ་སོའི་ཁྱད་ཆོས་མཚོན་པའི་བོད་རྒྱ་ཡིག་རིགས་གཉིས་ཐོག་ནས་“ནིའུ་ཛ་ལན་ཌི་རྒྱ་བོད་མཛའ་འབྲེལ་ཚོགས་པ་”ཞེས་པའི་སྦྱར་ཡིག་རེ་བྲིས་ཏེ་མཛད་སྒོ་ཚུགས་སའི་གྱང་ངོས་སུ་འགེལ་སྐབས་ཚོགས་བཅར་བ་ཡོངས་ནས་དགའ་བསུའི་ཐལ་མོ་ཤུགས་ཆེ་བསྒྲགས་པ་རེད།
མཛད་སྒོའི་མཇུག་ཏུ་ཚོགས་བཅར་བ་རྣམས་ནས་བགྲོ་གླེང་གནང་རིང་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་དབུ་མའི་ལམ་དང་ཆོས་དང་རིག་གཞུང་སྐོར་དོགས་དྲི་བྱུང་སྐབས། བཙན་བྱོལ་བོད་གཞུང་གི་ཨོ་སི་ཀྲོ་རི་ལི་ཡའི་རྒྱ་རིགས་ལས་དོན་འབྲེལ་མཐུད་པ་ཟླ་སྒྲོན་ལགས་ནས་འགྲེལ་བརྗོད་གནང་ཡོད་པ་དང༌། ཆོས་དང་རིག་གཞུང་སྐོར་ལ་ས་གནས་དེར་ཕེབས་པའི་དགེ་བའི་བཤེས་གཉེན་ཚོས་རྒྱ་རིགས་ཆོས་གྲོགས་རྣམས་ལ་འགྲེལ་བརྗོད་གནང་ཡོད་འདུག བགྲོ་གླེང་མཇུག་ཏུ་ཚོགས་བཅར་བ་རྣམས་སྐུ་པར་མཉམ་དུ་སྒྲོན་པ་དང༌། དགོང་དྲོ་འཇིམ་བཟོ་བ་གྲགས་ཅན་སྐུ་ཞབས་ཁྲེན་ཝེ་མིང་གི་རི་སྟེང་གི་སྤྲོ་ཁང་དུ་མཆོད་ཆང་གསོལ་སྟོན་བཤམས་ཏེ། བོད་རྒྱ་མི་རིགས་གཉིས་ཀྱི་མཛའ་འབྲེལ་ཡུན་གནས་ཡོང་བའི་སྨོན་འདུན་ཞུས་པ་རེད། །
བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་ནས་བོད་བསྒྱུར་བྱས།
{jcomments on}