མི་མང་འདུ་འཛོམས་ལ་བལྟས་ན་འོས་བསྡུར་དོ་སྣང་ཆེན་པོ་འདུག
ཐོག་མར་ས་གནས་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་བཀའ་བློན་ཁྲི་པའི་བགྲོ་གླེང་འདི་ཚོགས་དགོས་པའི་རྒྱུ་མཚན་སྐོར་ལ་འགྲེལ་བརྗོད་གནང་བ་དང་སྦྲགས། ཟླ་བ་གཅིག་གི་སྔོན་ལ་གོ་སྒྲིག་པས་འོས་མི་ཚང་མར་འབྲེལ་བ་ཞུས་ཀྱང། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་མཛད་འཆར་མང་པོ་སྔོན་ལ་གཏན་ཁེལ་ཟིན་པས། ཁོང་བཅར་མ་ཐུབ་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།
ཚོགས་ཐོག་ཏུ་མོན་གྷོ་ས་གནས་སེར་སྐྱ་ཡོངས་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་སེར་སྐྱ་མི་མང་ཧ་ཅང་ཕོན་ཆེན་མཉམ་ཞུགས་གནང་ཡོད་ལ། དོ་སྣང་ཡང་ཆེན་པོ་ཡོད་པ་མངོན་གྱི་འདུག དང་ཐོག་བཀའ་ཁྲིར་ལངས་དགོས་པའི་དམིགས་ཡུལ་སྐོར་བཀྲ་ཤིས་དབང་འདུས་ལགས་ཀྱིས་གསུང་དོན། ཕལ་ཆེར་འདས་པའི་ལོ་བརྒྱད་དགུ་ཞིག་གི་སྔོན་ནས་སྤྱི་ཚོགས་ནང་ང་ལ་དེ་འདྲའི་རེ་འདོད་བཤད་མཁན་གང་འཚམས་ཡོང་དང་ཡོང་བཞིན་པར་བརྟེན། ངས་དེ་དག་ཚང་མར་སོ་སོའི་བསམ་ཚུལ་གཅིག་གྱུར་ཞུས་ཟིན་པ་ཡིན། དེ་ག་རེ་ཞུས་པ་ཡིན་ཟེར་ན། ངས་མི་ཚེ་ཧྲིལ་པོ་བོད་གཞུང་མང་གི་དོན་དག་ལ་བཏང་བ་ཡིན། སོ་སོས་ཤེས་འཇོན་ནུས་པ་གང་ཡོད་པ་དེ་ཞུས་ཚར་བ་རེད། དེར་བརྟེན། ངས་དེའི་སྔོན་ལ་མ་བྱས་པ་ཞིག་བྱེད་རྒྱུ་ཡོད་མདོག་ལབ་ན། ངས་མི་མང་མགོ་སྐོར་གཏོང་གི་ཡོད་པ་ལྟ་བུ་རེད། སྔོན་འགྲོའི་འོས་ཁོངས་སུ་ང་སྡོད་ཀྱི་མིན་ཞེས་སྤྱི་སྒེར་ཡོངས་ལ་གཅིག་གྱུར་ཞུས་ཟིན་པ་ཡིན། དེ་ནས་དངོས་གཞིའི་འོས་མི་གསུམ་གྱི་ནང་དུ་ང་སླེབས་པ་རེད། དེའི་སྟབས་ཀྱིས་ངས་དངོས་ཡོད་གནས་ཚུལ་ག་རེ་ཡོད་པ་དེ་གསལ་པོ་ཞུས་པའི་ཐོག་ང་རང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་པ་རེད། འོན་ཀྱང་དེ་སྔོན་ངས་མ་བཤད་པ་ཞིག་དང་བསམ་བློ་མ་བཏང་བ་ཞིག་མེད་ལ། སྤྱིར་བཏང་ལས་དོན་གང་ཞིག་ཡིན་ཡང་མི་མང་པོ་ཞིག་མཉམ་རུབ་ཀྱི་ཐོག་ནས་བསྒྲུབས་པ་རེད་མ་གཏོགས། གང་ཟག་སྒེར་པ་གཅིག་གིས་ངོས་ནས་བསྒྲུབས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། ང་རང་མི་སྒེར་གྱི་ངོས་ནས་བཤད་ན་ལས་དོན་གང་ཡིན་ཡང་འདི་ང་གཅིག་པུས་བསྒྲུབས་པ་ཡིན་ཞེས་རྡོག་རྡོག་ཅིག་སྟོན་རྒྱུ་མེད་ན་ཡང་མཉམ་རུབ་མ་བྱས་པ་ཞིག་མེད་དྲན་གྱི་ཡོད། ཅེས་གསུངས་སོང་།
དེ་བཞིན་མཁས་དབང་བློ་བཟང་སེང་གེ་ལགས་ཀྱིས་གསུང་དོན། ང་ལྟ་བུ་ཡིན་ན་རྐང་པའི་སྒང་ལ་ལངས་ཐུབ་པ་དེ་༧གོང་ས་མཆོག་དང་། བོད་གཞུང་། ཕ་མ་བཅས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པས། ཐུགས་ཕན་གསོ་བའི་ཞབས་ཕྱི་ཞིག་ཞུ་ཐུབ་ན་ཞུ་དང་ཞུ། གཉིས་པ་དེ་བོད་ནང་ལ་ཉིས་སྟོང་བརྒྱད་ལོར་གསལ་པོ་བྱུང་ཡོད་པ་དང། དེའི་སྔོན་དང་ད་ལྟ་ཡིན་ན་ཡང་དཔའ་བོ་དཔའ་མོ་མང་པོ་ཞིག་གིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱེད་པའི་དུས་སྐབས་ལ། བཙན་བྱོལ་ནང་ཡོད་པའི་ང་ཚོ་མི་ཐོག་གསར་པ་ཞིག་ཆགས་ཀྱི་ཡོད་པས། ང་ཚོའི་ངོས་ནས་ཡིན་ན་ཡང་བོད་ཀྱི་རྩ་དོན་རྩོད་རྒྱུའི་འགན་དེ་མུ་མཐུད་ནས་ཁུར་དགོས་པ་རེད། ཅེས་གསུངས་སོང༌། དེ་བཞིན་ཉིན་དེར་བཀའ་ཁྲིའི་འོས་མི་རྣམ་གཉིས་ནས་གསུང་བཤད་གྲུབ་རྗེས། མི་མང་གི་དྲི་བར་ལན་འདེབས་གནང་སོང་།
འདི་གའི་གསར་འགོད་པས། ཉིན་དེར་བགྲོ་གླེང་ལ་བཅར་བའི་དགེ་བཤེས་མཁྱེན་རབ་ཆོས་རྗེ་ལགས་སུ་བཀའ་ཁྲིའི་འོས་བསྡུའི་སྐོར་ལ་གཟིགས་སྟངས་དང༌། སུ་ལ་འོས་ཐོབ་རྒྱུར་རེ་བ་བྱེད་ཀྱི་ཡོད་སྐོར་དྲིས་པར། ཁོང་གིས། བོད་པའི་བཀའ་ཁྲིའི་འོས་མི་མང་པོ་ཡོད་པའི་ནང་ནས་ཨ་ཡོད་ནང་གི་ད་ཡོད་ཁོང་གསུམ་པོ་རེད། ང་ལ་དམིགས་བསལ་འདི་ཡག་དང་མི་ཡག་གི་ཐད་ལ་གང་ཡང་ཞུ་རྒྱུ་མེད། ས་གནས་འདིའི་གྲྭ་པ་དང་མི་མང་ཕོན་ཆེན་འདུ་འཛོམས་གནང་སྟངས་ལ་བལྟས་ན་ཁོང་ཚོར་རྒྱབ་སྐྱོར་ཧ་ཅང་ཤུགས་ཆེན་པོ་ཡོད་པ་མཚོན་གྱི་འདུག སྔོན་འགྲོའི་སྐབས་ལ་མཁས་དབང་བློ་བཟང་སེང་གེར་འོས་མང་ཤོས་འཕངས་འདུག ཡིན་ནའང་དངོས་གཞིའི་སྐབས་ལ་སོ་སོས་སུ་ལ་འཕེན་པ་དེ་རེད་མ་གཏོགས། ད་ལྟ་འདི་ལྟར་འཕེན་གྱི་རེད་ཅེས་ཞུ་ཐུབ་ཀྱི་མ་རེད་བསམ་གྱི་འདུག བཀའ་ཁྲིའི་འོས་མི་ཚོའི་ནང་ནས་སུ་ལ་འོས་ཐོབ་པ་ཡིན་ཡང་། ད་ལྟ་བོད་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་པོ་དང་ཉག་ཕྲ་བ་རེད། ༸རྒྱལ་བ་རིན་པོ་ཆེའི་དབུ་འོག་དཔུང་འདེགས་བྱས་ནས་ད་ལྟའི་ཉག་ཕྲ་བའི་གནས་སྟངས་ལས་གྲོལ་ཐབས་སུ་འབད་བརྩོན་ཤུགས་ཆེན་པོ་གནང་དགོས་ཀྱི་རེད་བསམ་གྱི་འདུག་ཅེས་གསུངས་སོང།། མོན་གྷོ་གསར་འགོད་པས།
{jcomments on}