ས་སྐྱ་གོང་མ་དབུ་བཞུགས་ཐོག་དགོངས་རྫོགས་མཆོད་འབུལ།
དཔལ་ས་སྐྱ་གོང་མ་ཁྲི་འཛིན་རྡོ་རྗེ་འཆང་ཆེན་པོ་རྒྱ་གར་ནས་བལ་ཡུལ་ལ་ཆེད་ཕེབས་གནང་སྟེ། བལ་ཡུལ་གྱི་ནང་པའི་གནས་ཆེན་མཆོད་རྟེན་བྱ་རུང་ཁ་ཤོར་ཆེན་མོ་དང་བར་ཐག་ཉེ་སར་ཡོད་བའི་དཔལ་ས་སྐྱ་པའི་རྒྱལ་ཡོངས་གསུངས་རབ་སློབ་གཉེར་ཁང་གི་མདུན་ཐང་དུ། ཟླ་འདིའི་ཚེས་ ༧ ཉིན་ཉེ་བའི་ཆར་དགོངས་པ་གཤེགས་མ་ཐག་པའི་སྐྱ་སའི་མཁན་ཆེན་ཨ་པད་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་དང་སྐུ་གདུང་ཞུགས་འབུལ་གྱི་དབུ་བཞུགས་གནང་ཡོད་པ་རེད། མཁན་ཆེན་ཨ་པད་རིན་པོ་ཆེས་གསར་འཛུགས་གནང་བའི་ས་སྐྱ་རྒྱལ་ཡོངས་གསུངས་རབ་སློབ་གཉེར་ཁང་གི་ངེས་སྟོན་པ་མཁན་པོ་འབྱོར་ལྡན་ལགས་ནས་གསུང་དོན། དཔལ་ས་སྐྱ་གོང་མ་ཁྲི་འཛིན་རིན་པོ་ཆེ་གཙོས་རྡོ་རྗེ་སློབ་དཔོན་རྣམ་བཞི་དབུ་བཞུགས་ཐོག་སྤྱིན་བསྲེགས་ཆོ་ག་བཞི་འབྲེལ་བྱས་ནས་མཁན་ཆེན་མཆོག་གི་དགོངས་རྫོགས་མཆོད་འབུལ་དང་སྐུ་གདུང་ཞུགས་འབུལ་གྱི་བྱེད་སྒོ་སྤེལ་བཞིན་པ་ཡིན་སྐོར་འགྲེལ་བརྗོད་གནང་སོང་།
དེ་ཡང་རྡོ་རྗེ་རྣལ་འབྱོར་མའི་སྤྱིན་བསྲེགས་ལ་དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་དང་། དཔལ་བསྐྱེད་སྤྱིན་བསྲེགས་ལ་གདུང་སྲས་སྐུ་བགྲེས་བ། ཀུན་རིགས་སྤྱིན་བསྲེགས་ལ་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ། རྡོ་རྗེ་སེམས་དཔའི་སྤྱིན་བསྲེགས་ལ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་བཅས་ཕྱོགས་བཞིའི་སྤྱིན་བསྲེགས་ཀྱི་ཆོ་གའི་དབུ་ལ་བཞུགས་ཡོད། མ་ཟད་ད་དུང་སྐབས་དེར་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཨ་སངས་ཀ་རིན་པོ་ཆེ་དང་། ཐར་རྩེ་མཁན་རིན་ཆེ། སྤྲུལ་སྐུ་རྡོ་རྗེ་གདན་པ་སོགས་ས་སྐྱའི་བླ་ཆེན་དང་མཁན་ཆེན། དགེ་འདུན་པ་དང་བཙུན་མ། ཕྱི་ནང་གི་སྤྱིན་བདག་དང་རྗེས་འཇུག་སློབ་མ་དད་ལྡན་མི་མང་སོགས་མི་གྲངས་སྟོང་ཕྲག་བརྒལ་བ་མཉམ་འཛོམས་བྱུང་འདུག
ཨ་པད་རིན་པོ་ཆེ་ངག་དབང་ཡོན་ཏན་བཟང་པོ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་ཕྱི་ལོ་ ༡༩༢༧ ལོར་བོད་མདོ་ཁམས་ཕྱོགས་གྱི་སྡེ་བཞི་དགེ་བཅུ་ཚང་བའི་སྨན་ལྗོངས་ཀུ་སེ་ཞེས་པ་རུ་སྐུ་འཁྲུངས་བ་དང་། སློབ་དཔོན་དུ་མར་བསྟེན་ནས་བོད་ནང་ཆོས་ཀྱི་མཛད་འཕྲིན་དུ་མ་བསྐྱངས་རྗེས་རིམ་པས་འབྲས་ལྗོངས་བརྒྱུད་བཙན་བྱོལ་ལ་འབྱོར་བ་དང་། རྒྱ་གར་དུ་རྗེ་བཙུན་ས་སྐྱ་པའི་ཐུན་མོང་མ་ཡིན་པའི་མདོ་སྔགས་ཀྱི་བཤད་རྒྱུན་རང་རྐང་ཚུགས་པ་དང་། འཇམ་མགོན་བླ་མའི་བསྟན་སྲོག་ཀུན་མཁྱེན་བཀའ་འབུམ་གྱི་ལུང་རྒྱུན་མ་ཆད་པ་བྱས་ནས་གོང་མ་རིན་པོ་ཆེ་མཆོག་གི་ཡོངས་འཛིན་གནང་བ་དང་། ཟག་མེད་ཐུགས་ཀྱི་བཀའ་དགོངས་བཞིན་ས་སྐྱ་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་དང་། ས་སྐྱ་རྒྱལ་ཡོངས་གསུངས་རབ་སློབ་གཉེར་ཁང་སོགས་རྒྱ་གར་དང་བལ་ཡུལ་སོགས་སུ་གདན་ས་དང་སློབ་གྲྭ། ས་གདན་བཟོ་གྲྭ་སོགས་མི་ཉུང་བ་གསར་འཛུགས་གནང་མྱོང་བའི་ས་སྐྱའི་གཙོས་ཆོས་བརྒྱུད་ཁག་ཚང་མར་མཁས་བའི་མཁན་ཆེན་ཞིག་ཡིན་པ་རེད།
ཡོངས་འཛིན་མཁན་ཆེན་ཁོང་དགུང་གྲངས་ ༨༦ ལ་ཕེབས་པའི་ཉེ་བའི་བོད་ཟླ་ ༡༡ སྔ་མའི་ཚེས་ ༢༣ དང་ཉིས་སྟོང་བཅུ་གཅིག་ཟླ་ ༡༢ ཚེས་ ༢༨ ཉིན་དགོངས་པ་རྫོགས།
བལ་ཡུལ་ས་གནས་གསར་འགོད་པས།
{jcomments on}