བོད་ཀྱི་གློག་བརྙན་གསར་པ་“མི་ལུས་རིན་པོ་ཆེ་”དབུ་འབྱེད།
ཟླ་འདིའི་ཚེས་༩ ཉིན་གློག་བརྙན་བཟོ་བསྐྲུན་པ་བསྟན་འཛིན་སྲིད་ཞི་ནས་བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་ཁང་དུ་གློག་བརྙན་གསར་པ་མི་ལུས་རིན་པོ་ཆེ་ཞེས་པ་དབུ་འབྱེད་དངོས་སུ་སྤྱན་འབུལ་བྱས་བ་དང་མཉམ་གསར་འགོད་གསར་བསྐྱངས་སོང་ལ། སྐབས་དེར་སྐུ་མགྲོན་གཙོ་བོ་བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་སྐུ་ཞབས་འཕྲིན་ལས་རྒྱ་མཚོ་ཆེད་ཕེབས་གནང་ཡོད་པ་དང་། ཁོང་གིས་གློག་བརྙན་བཟོ་བསྐྲུན་པར་བསྔགས་བརྗོད་དང་འབྲེལ་༼མི་ལུས་རིན་པོ་ཆེ་༽ཞེས་པའི་གློག་བརྙན་འདི་བཞིན་ད་ཆ་དངོས་སུ་མིག་གིས་བལྟ་རྒྱུ་དང་རྣ་བས་ཉན་རྒྱུ་ཡོད་པ་ཞིག་ཡིན་དུས་གཙོ་བོ་ད་ལྟའི་སྤྱི་ཚོགས་སྟེང་གཞོན་སྐྱེས་གང་མང་ཞིག་གིས་ཉལ་ཐའམ་སྨྱོ་རྫས་ལོངས་སྤྱོད་བྱས་ནས། རང་ཉིད་ཀྱི་མི་ཚེ་འཕྲོ་བརླག་ཏུ་འགྲོ་མཁན་མང་པོ་ཡོང་བཞིན་པ་དེ་དག་སྔོན་འགོག་ཆེད་ཕན་རླབས་རྒྱ་ཆེན་ཞིག་ཡོང་གི་རེད་བསམ། ལྷག་དོན་ང་ཚོའི་བོད་པའི་སྤྱི་ཚོགས་སྟེང་གཞོན་སྐྱེས་གང་མང་ཞིག་གིས་སྨྱོ་རྫས་སམ་ཉལ་ཐ་སྤྱད་ནས། མི་ཚེ་ཁ་ཕྱོགས་མེད་པར་གྱུར་བཞིན་པ་ཡང་གང་ལ་གང་མཚམས་ཡོང་བཞིན་པ་ཡིན་དུས། གཙོ་བོ་ཉལ་ཐ་མ་བཏུང་བའི་སྔོན་འགོག་གི་ཐབས་ལམ་འདྲ་མིན་འཚོལ་རྒྱུ་ནི་ཤིན་ཏུ་གལ་ཆེན་དོན་ཆེན་དུ་བརྩི་བཞིན་ཡོད་ལ། དམིགས་བསལ་གློག་བརྙན་དེའི་ནང་ནས་མཐོང་ཐུབ་པའི་ཀུན་ཕན་ཚོགས་པ་དང་བལ་ཡུལ་རྒྱལ་ཡོངས་ཀྱི་ཉལ་ཐ་སྔོན་འགོག་ཐེབས་རྩ་ཁང་སོགས་ཀྱིས་སྔོན་འགོག་ཆེད་ལས་དོན་འདྲ་མིན་རླབས་ཆེན་བྱས་ཡོད་པ་རེད། ལྷག་པར་གོ་སྐབས་འདི་བརྒྱུད་ནས་བཤད་འདོད་པར་སྨྱོ་རྫས་ལ་ངན་གོམས་ཤོར་ཚར་བའི་མི་ཚོས་ནམ་ཡང་གཞན་གྱི་རོགས་རམ་མ་དགོས་བའི་ཐོག་ནས་རང་ཉིད་ལ་རང་གིས་མདུན་ལམ་བསྐྲུན་ཐབས་བྱུང་ན་རབ་རེད། རྩ་བའི་ཐོག་ནས་བཙན་བྱོལ་བོད་གཞུང་གི་འཕྲོད་བསྟེན་ལས་ཁུངས་ནས་སྨྱོ་རྫས་ཉལ་ཐ་རིགས་སྔོན་འགོག་ཆེད་ཟབ་སྦྱོང་སྤྲོད་པ་དང་བྱེད་སྒོ་འདྲ་མིན་སྤེལ་བཞིན་པ་དང་འཕྲོད་བསྟེན་སྲིད་ཇུས་ཁྲོད་ལས་དོན་གལ་ཆེན་ཞིག་ཡིན། འོན་ཀྱང་བལ་ཡུལ་ནང་ཆབ་སྲིད་བརྟན་ལྷིང་དེ་ཙམ་ཡག་པོ་མེད་དུས་ལས་དོན་ཁག་བསམ་པ་ལྟར་སྤེལ་ཐུབ་ཀྱི་མེད་པ་རེད། བལ་ཡུལ་དོན་གཅོད་ཁང་གི་ངོས་ནས་བལ་ཡུལ་ནང་གི་གཞོན་ལྷོན་དང་བུད་མེད་སོགས་སྡེ་ཚན་ཁག་ནས་སྨྱོ་རྫས་སྔོན་འགོག་གི་ལས་དོན་ཁག་ལ་རྒྱབ་སྐྱོར་དང་མཉམ་ཞུགས་བྱེད་བཞིན་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།
གློག་བརྙན་གསར་པ་(མི་ལུས་རིན་པོ་ཆེ་) ཞེས་པ་གཙོ་བོ་སྨྱོ་རྫས་ཉལ་ཐ་དང་འབྲེལ་བའི་བརྗོིད་གཞིའི་ཐོག་བཟོས་ཡོད་པ་དང་། དེའི་ནང་གོང་ས་ཏཱ་ལའི་བླ་མ་མཆོག་གི་གཙོས་གནད་ཡོད་མི་སྣ་ཚོས་སྨྱོ་རྫས་དང་འབྲེལ་བཀའ་སློབ་ལམ་སྟོན་གནང་ཡོད་པ་མ་ཟད། དངོས་སུ་སྨྱོ་རྫས་ལོངས་སྤྱོད་བྱེད་མཁན་ཁག་གཅིག་གིས་དངོས་མྱོང་གི་གནས་ཚུལ་ཁག་ངོ་སྤྲོད་བྱས་འདུག
དཔེར་ན་གཞོན་སྐྱེས་ཉལ་ཐ་འཐེན་མཁན་ཞིག་གིས་བརྗོད་དོན། ང་རང་ཡིན་ན་ཐོག་མར་ཉལ་ཐ་འཐེན་སྐབས་དོ་སྣང་མ་བྱས་བར་རྩེད་མོའི་ཚུལ་དུ་ལོངས་སྤྱོད་བྱས་པ་ཡིན། རྗེས་སུ་རིམ་པས་ངན་གོམས་ལ་སོང་ནས་ངའི་མི་ཚེ་ཁ་ཕྱོགས་མེད་པར་གྱུར་པ་དང་རང་ལུས་རང་གིས་ཁ་ལོ་བསྒྱུར་མི་ཐུབ་པར་གྱུར་སོང། ད་དུང་ཕ་མ་སྤུན་ཉེ་དང་གྲོགས་པོ་སོགས་དང་ཡོངས་སུ་འགལ་ཟླར་གྱུར་སོང་ཞེས་མིག་ནས་མཆི་མ་ཐོན་བཞིན་བཤད་འདུག།
འདི་ལྟར་ཉལ་ཐ་སྨྱོ་རྫས་ནི་དེང་གི་སྤྱི་ཚོགས་ཁྲོད་འགྲོ་བ་མིའི་རིགས་གྱི་ཚེ་སྲོག་འཕྲོག་མཁན་གཤེད་མ་གཙོ་བོ་དེ་ཡིན་པར་ལྷག་པར་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་སྲིད་ཞི་ལགས་ཀྱིས། དེང་གི་བོད་པའི་སྤྱི་ཚོགས་ཁྲོད་གཞོན་སྐྱེས་ཚོའི་ནང་ཉལ་ཐ་ལོངས་སྤྱོད་བྱེད་མཁན་ཇེ་མང་ཇེ་སྡུག་ཏུ་འགྲོ་ཡི་ཡོད་པ་དང་། ཁོང་གི་གྲོགས་པོ་ཁག་གཅིག་དངོས་སུ་འདས་ཀྲོངས་ལ་སོང་བ་སོགས་གྱི་སེམས་ཚོར་དང་གནད་དོན་དེས་གློག་བརྙན་འདི་བཟོས་བ་དང་། ལྷག་དོན་ང་ཚོའི་བོད་པའི་སྤྱི་ཚོགས་ཁྲོད་དུ་ཉལ་ཐ་སྔོན་འགོག་དང་མ་འོངས་པའི་བོད་ཀྱི་་གསོན་རྩ་དག་གསོ་སྐྱོང་ཡག་པོ་ཡོང་རྒྱུའི་ཆེད་གློག་བརྙན་འདི་བོད་པའི་སྤྱི་ཚོགས་ཁྲོད་དུ་རིན་མེད་ཞལ་འདེབས་རང་བཞིན་གྱིས་གཟིགས་འབུལ་ཞུ་རྒྱུ་ཡིན་ཞེས་བརྗོད་སོང་།
གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་སྲིད་ཞི་ལགས་ནི་བོད་མདོ་ཁམས་སྐྱེ་རྒུ་མདོ་རུ་སྐྱེས་ཤིང་རྒྱ་གར་ནས་འཚར་ལོངས་བྱུང་མཐར་༡༩༩༩ལོར་རྒྱ་གར་རྒྱལ་ས་ལྡི་ལི་དང་མོམ་བྷེའི་སོགས་ནས་ལོ་གཉིས་རིང་གློག་བརྙན་བཟོ་བསྐྲུན་པའི་ཆེད་ལས་སློབ་སྦྱོང་བྱས། ༢༠༠༡ལོར་༼མེ་ལོང་༽ཞེས་བའི་གློག་བརྙན་ཞིག་གསར་བསྐྲུན་བྱས་མྱོང་ཐོག་མི་རིང་བར་ཁོང་གིས་གློག་བརྙན་༼མི་ལུས་བྱུར་པོ་ཆེ༽་ཞེས་བ་ཞིག་ཀྱང་བཏོན་རྒྱུ་ཡིན་འདུག། ཁོང་གིས་“སྲིད་པ་གློག་བརྙན་བཟོ་བསྐྲུན་ཁང་”ཞེས་པ་བཙུགས་ནས་དེའི་མིང་ཐོག་ནས་གློག་བརྙན་བཟོ་དང་བ་འཁྲབ་པ་སོགས་གྱི་ཕྱག་ལས་མི་ཉུང་བ་བྱེད་བཞིན་པ་རེད།།
བལ་ཡུལ་ས་གནས་གསར་འགོད་པས།
{jcomments on}