བཙོན་ནས་གློད་གྲོལ་རྗེས་སུའང་མུ་མཐུད་ལྟ་སྲུང་བྱེད་ཀྱི་འདུག
འཛམ་གླིང་གསར་འགྱུར་དྲ་བས་ཟླ་འདིའི་ཚེས་༡༠ ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་འབུར་དུ་ཐོན་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཁྲེན་ཀུང་ཁྲེང་གིས་བརྙན་འཕྲིན་པར་གཞིའི་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པས་ངོ་རྒོལ་བ་རྣམས་བཙོན་ནས་གློད་གྲོལ་བཏང་ཟིན་ཡང། ད་དུང་ཁོང་ཚོ་ལ་ལོག་སྤྱོད་པའི་ཁོངས་སུ་བརྩིས་ནས་དམ་དྲག་བྱེད་ཀྱི་ཡོད་པའི་ཁུངས་སྐྱེལ་བྱས་ཡོད་པ་རེད། ཁྲེན་ཆུང་དུས་སློབ་གྲྭར་ཡོད་པའི་སྐབས་ནས་རྒྱ་ནག་གི་ཤར་ཕྱོགས་ཧྲན་ཏུང་ཞིང་ཆེན་གྱི་གྲོང་གསེབ་ཡུལ་མི་རྣམས་ལ་ས་ཆ་འཕྲོག་ལེན་བྱེད་པ་ལ་སོགས་པའི་གཞུང་འཛིན་མི་སྣ་ཚོའི་ཧམ་སྤྱོད་ཐེར་འདོན་དགོས་པར་བརྗོད་མྱོང་ཡོད་འདུག་ལ། ཕྱི་ལོ་༢༠༠༥ ལོར་ཧྲན་ཏུང་ཞིང་ཆེན་དུ་རྒྱ་ནག་གི་གཞུང་འཛིན་པར་ཕྲུ་གུ་མངའ་ཤོར་བ་དང། རྒྱ་མི་རིགས་ཀྱི་ལུགས་སྲོལ་ལ་བརྩི་བཀུར་དགོས་པ། དེ་བཞིན་གྲོང་ཁྱེར་གྱི་མི་རྣམས་ཀྱིས་ཕྲུ་གུ་གཅིག་རེ་དང། གྲོང་གསེབ་ཁག་ཏུ་ཕྲུ་གུ་གཉིས་རེ་ལས་སྐྱེ་མི་ཆོག་པའི་དམ་དྲག་བྱས་པ་དེ་དག་ལ། མི་འདོད་པའི་རྣམ་འགྱུར་སྟོན་མཁན་རྒྱ་ཁྱབ་ཏུ་དར་བ་དེར་ཁྲེན་གྱི་ངོས་ནས་དགའ་འོས་པ་ཞིག་ཆགས་ཡོད་པ་རེད།
ཁོང་ལ་ཁྲོམ་གཞུང་མི་ཚོགས་དཀྱིལ་དུ་ངོ་རྒོལ་གྱིས་འགྲིམ་འགྲུལ་སོགས་ལ་གནོད་སྐྱོན་བཟོས་པའི་ཉེས་མིང་བཏགས་ནས་འཛིན་བཟུང་བྱས་རྗེས། ལོ་བཞི་ལྷག་གི་རྗེས་སུ་གློད་གྲོལ་བཏང་ཡང་གྲོང་གསེབ་ཏུ་ཡོད་པའི་ཁོང་གི་ཁང་ཁྱིམ་སོགས་དོན་དངོས་ཐོག་འཛིན་བཟུང་གི་འོག་ཏུ་ཚུད་པ་ལྟ་བུ་ཞིག་ཡིན་སྟབས། ཁོང་དང་ཁོང་གི་ནང་མིས་དེ་སྔོན་གྱི་གྱོད་གཞི་དེ་ནི་བརྫུན་མ་བཟོས་པ་ཞིག་ཡིན་པའི་འདོད་ཚུལ་འཛིན་གྱི་ཡོད་པ་རེད། གཟའ་ལྷག་པའི་ཉིན་ཁྲེན་དང་ཁོང་གི་བཟའ་ཟླ་གཉིས་ཀྱིས་གློད་གྲོལ་བཏང་བ་ནས་བཟུང་མནར་གཅོད་དང་སྡུག་བསྔལ་ག་ཚོད་མྱངས་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ཞིག་ཨ་རིར་ཡོད་པའི་རྒྱ་ནག་རོགས་རམ་རུ་ཁག་བརྒྱུད་ཡུའུ་ཊུབ་དྲ་བརྙན་བརྒྱུད་ཁྱབ་བསྒྲགས་བྱེད་ཐུབ་ཡོད་འདུག
ཁྲེན་གྱིས་བརྗོད་པ་ལྟར་ན། གྲོང་གསེབ་དུ་འཛུལ་སའི་སྒོའི་ཕྱི་ནང་དུ་གསང་བའི་པར་ཆས་བཀྲམ་ནས། ཆུ་ཚོད་༢༤ རིང་ངའི་མཐའ་ནས་བསྐོར་བསྡད་ཡོད་པར་བརྟེན་ནང་གི་ཁང་པ་དང་ཁ་བྲལ་ནས་གཞན་ལ་འགྲོ་ཐུབ་ཀྱི་མི་འདུག་ཅེས་བརྗོད་འདུག གློག་བརྙན་དེའི་ནང་དུ་ཁྲེན་གྱི་ཁང་པའི་ཐོག་ཁར་ཡོད་པའི་མ་རྨོས་ལོ་ཏོག་གི་གསེབ་ཏུ་གསང་བའི་སོ་ལྟ་བྱེད་པའི་པར་ཆས་བཙུགས་ཡོད་པའང་བསྟན་ཡོད་པ་རེད། རྒྱ་ནག་རོགས་རམ་རུ་ཁག་ཅེས་པས་ཁྲེན་གྱི་ཁོང་ཁྲོ་ལངས་པའི་ཐག་གཅོད་ལ་གདུང་སེམས་མཉམ་བསྐྱེད་ཆེད་བརྙན་འཕྲིན་དེ་བཟོས་པ་ཡིན་ཚུལ་བརྗོད་ཡོད་པ་རེད།
འོན་ཀྱང་རྒྱ་ནག་གི་གཞུང་འཛིན་མི་སྣས་མི་མང་གི་ཐོབ་ཐབ་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་ཡི་ཡོད། དེ་བཞིན་གཞུང་ལ་ཁ་གཏད་ལངས་མཁན་གྱི་མི་མང་རྣམས་ཉེན་རྟོག་པ་དང་གཞུང་གི་མི་སྣ་སུ་ཡིན་རུང་ཚོད་འཛིན་བྱེད་པའི་དབང་ཆ་གཙང་འཕྱག་བཟོ་ཡི་ཚུལ་བརྗོད་ཀྱི་ཡོད་པ་རེད།
ཁྲེན་ནི་རྒྱ་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་པ་དང། ལོ་སྔོན་མར་ལིའུ་ཞའོ་པོ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཁོངས་སུ་ཚུད་པར་རྒྱབ་སྐྱོར་བྱེད་མཁན་ཞིག་ཀྱང་ཡིན་པ་རེད། འོན་ཀྱང་ལིའུ་ཞའོ་པོ་ལ་ཞི་བདེའི་གཟེངས་རྟགས་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་ནས་གཟའ་འཁོར་འགའི་རྗེས་སུ་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་བརྒྱ་ཕྲག་ཕྱིར་ཐོན་ནས་ངོ་རྒོལ་བྱས་པར་བརྟེན། གཞུང་འཛིན་མི་སྣས་རྗེས་འདེད་དང་བཀག་བསྡོམས་བྱས་པའི་གནས་ཚུལ་ཡང་མུ་མཐུད་ཐོན་ཡོད་པ་རེད།
སྤྱིར་ཕྱི་ལོ་༢༠༠༩ ལོའི་ནང་གཅིག་པུར་རྒྱ་ནག་གིས་རྒྱལ་ནང་གི་བདེ་འཇགས་ཆེད་དུ་རྒྱ་སྒོར་དུང་ཕྱུར་༥༡༤ འགྲོ་སོང་བཏང་ཡོད་པ་དང། དམག་གི་འགྲོ་སོང་ལ་རྒྱ་སྒོར་དུང་ཕྱུར་༥༣༢ གཏོང་གི་ཡོད་པར་ཤིན་ཧྭ་གཙུག་ལག་སློབ་ཁང་གི་གྲགས་ཅན་མི་སྣ་འགས་ལོ་འདིའི་མགོ་སྟོད་ནས་ཚོད་རྩིས་བྱས་ནས་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་འདུག །
{jcomments on}