༧རྒྱལ་དབང་ཀརྨ་པའི་མཚན་སྙན་དང་མཚུར་ཕུ་བླ་བྲང་གི་ངོ་གདོང།

དེ་ནས་བཟུང་རྒྱ་ནག་དང་སོག་པོའི་ནང་དུ་རྒྱལ་དབང་ཀརྨ་པ་ལ་དད་པ་བྱེད་མཁན་གྱི་སློབ་མ་སློབ་རྒྱུན་དང་བཅས་པ་ཁྲི་འབུམ་གྱིས་ཚད་བཟུང་མི་ཐུབ་པས་༧རྒྱལ་དབང་ཀརྨ་པའི་སྐུ་མདུན་དུ་རྒྱ་མི་རིགས་ཀྱིས་དད་པ་བྱས་ནས་ཕུལ་བའི་དངུལ་དངོས་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་རྒྱ་ནག་གི་གསང་ཉུལ་བ་ཞིག་རེད་ཅེས་ནམ་ཡང་ཤོད་མི་ཐུབ། སྐུ་ཕྲེང་བཅུ་བདུན་པ་ལ་ཆ་མཚོན་ན་བོད་མི་རིགས་ཀྱི་གཉན་འཕྲང་ཛ་དྲག་ཆེ་བའི་དུས་འདིར་ལུས་སྲོག་ལོངས་སྤྱོད།       ཐོབ་སྙན་གྲགས་ཡོད་ཚད་རྒྱབ་ལ་གཡུག་ནས་༧གོང་ས་མཆོག་དང་བོད་མི་རིགས་ལ་གདོང་གཏད་ནས་རི་བོ་ཧི་མ་ལ་ཡ་གོམ་པས་འཇལ་ནས་གཞན་ཡུལ་དུ་སླེབས་པའི་སྐྱབས་བཅོལ་བ་ཞིག་ཡིན་པ་ལས་རྒྱ་ནག་གིས་བཏང་བའི་སོ་པ་ཞིག་གཏན་ནས་མིན།ད་ལྟའི་ཆར་༧རྒྱལ་དབང་ཀརྨ་པའི་མཚན་སྙན་གྲགས་དབང་ཐང་གཟི་བརྗིད་བཀའ་སློབ་གསུང་སྟངས་དང་ཀུན་སྤྱོད་ཁུར་སྟངས་སོགས་ལ་བལྟས་ན་མ་འོངས་པར་འཛམ་གླིང་ཞི་བདེའི་གཟེངས་རྟགས་ལ་ཡང་རེ་བ་ཡོད་པ་ཞིག་ཆགས་ཡོད། བོད་མི་རིགས་ཀྱི་ཁོང་ལ་རེ་བ་དང་ཡིད་ཆེས་བྱེད་ས་ལ་བལྟས་ན་གསེར་མདོག་གི་ཉི་མ་སེར་པོ་རྒྱལ་བ་དོན་གྱི་བདག་པོ་སྐུ་ཕྲེང་བཅུ་བཞི་པ་ནུབ་རི་ལ་ཡོལ་བའི་དབང་དུ་བཏང་ཡང་། ༧རྒྱལ་དབང་ཀརྨ་པ་དུང་ཟླ་བཞིན་འཇིག་རྟེན་ལ་འོད་སྣང་འབྱེད་མཁན་ཞིག་ཆགས་རྒྱུ་ཉག་གཅིག་རེད། རྒྱལ་བ་ཀརྨ་པ་ནི་འཛམ་གླིང་སྤྱི་ལ་དབང་བའི་ནང་བསྟན་ཆོས་ལུགས་ཀྱི་རླབས་ཆེན་གྱི་མི་སྣ་ཞིག་ཡིན་པས་ཁོང་གི་མཛད་འཕྲིན་གྱི་ཁྱབ་ཚད་ཀྱང་ཁྱབ་ཕྱོགས་ཆུང་ཆུང་ཞིག་འཚོལ་ན་གཏན་ནས་མི་འགྲིག

དམིག་བསལ་དུ་ཁོང་གིས་བོད་མི་རིགས་དང་འབྲེལ་བའི་བསྟན་པ་ཆབ་སྲིད་རིག་གཞུང་སྲུང་སྐྱོབས་ཀྱི་འགན་ཁུར་ནས་ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་ཐེབས་རྩ་ཆེད་དུ་ཨ་སྒོར་ས་ཡ་གཅིག་གནང་ཡོད་ཅིང་། དེ་མ་ཡིན་པའི་ཚོགས་པ་སྒྲིག་འཛུག་གང་ས་རུ་ཤེས་ཡོན་དང་རིག་གཞུང་སྲུང་སྐྱོབས་ཀྱི་ཆེད་དུ་རྒྱབ་སྐྱོར་མི་ཉུང་བ་ཞིག་གནང་བཞིན་ཡོད་པ་ནི་ཚགས་པར་དུས་དེབ་གང་ས་རུ་མཐོང་རྒྱུ་ཡོད་པ་ཞིག་རེད། ཕྱོགས་གཅིག་ནས་བལྟས་ན་རྒྱལ་དབང་ཀརྨ་པ་རྒྱ་གར་ལ་ཕེབས་ནས་ལོ་བཅུ་ལྷག་ཕྱིན་ཟིན་ཡང་བཞུགས་ས་བརྟན་པོ་ཞིག་ཀྱང་ཐོབ་མེད་ལ་ད་དུང་ཡང་ཁྱིམ་ཚང་གཞན་ལ་གནས་ཚང་གཡར་ནས་བཞུགས་ཡོད་པ་དང་།རྒྱལ་ཁབ་ཕྱི་ནང་ཡར་མར་ཕེབས་བཞུགས་ལ་ཡང་འོ་བརྒྱལ་འཕྲད་བཞིན་ཡོད། དེ་ནི་སུས་ཀྱང་འགྲེལ་བཤད་མ་དགོས་པར་རྒྱལ་དབང་ཀརྨ་པའི་ཞབས་ཞུ་འགན་ཁུར་མི་སྣ་ཚོ་ལ་འཇོན་ཐང་དང་ནུས་པ་མེད་པའི་རྟགས་གསལ་བསྟན་ཡོད། ངས་སྲང་ལམ་བར་ནས་གོ་ཚུལ་ལྟར་བྱས་ན་ཀརྨ་པའི་བླ་བྲང་ནི་མི་རབས་རྒྱུན་འཇགས་ཀྱི་ལུག་སྲོལ་གྱིས་བཙན་བཟུང་བྱས་ནས་ཁོ་རང་ཚོའི་ཁ་ཕྱོགས་ལས་ཤེས་ལྡན་མི་སྣ་སུ་ཡང་བླ་བྲང་གི་ལས་སྣེ་ལ་སླེབ་ཀྱི་མེད་པ་མ་ཟད་ཞབས་ཞུ་འགན་ཁུར་མི་སྣ་ཚོར་སྐད་ཡིག་རང་རྐྱ་ཕེར་བ་ཤེས་མཁན་མེད་པ་དང་། བོད་ཀྱི་རིག་གནས་ལོ་རྒྱུས་སུམ་རྟགས་དང་དག་ཡིག་ཐ་ན་སྙན་ཞུ་ཡག་པོ་འབྲི་ཤེས་མཁན་ཞིག་ཀྱང་དཀོན་པོ་ཡིན་པ་གོ་རྒྱུ་འདུག།      ༧རྒྱལ་དབང་ཀརྨ་པའི་བླ་བྲང་ཆེན་པོ་འདི་དེ་ལྟར་རུལ་སུང་དང་འཐུས་ཤོར་ལ་སོང་ན་བོད་མི་རིགས་ཀྱི་གནད་འགག་ཆེ་བའི་ས་མིག་ཅིག་ཉམས་ཆགས་ལ་འགྲོ་རྒྱུ་ཡིན་པ་གོར་མ་ཆགས། རྒྱུ་མཚན་དེས་རྒྱལ་ཁབ་ཕྱི་ནང་ལ་ཡོད་པའི་དད་ལྡན་མི་སྣ་ཚོ་དང་རྒྱལ་དབང་ཀརྨ་པ་སྐུ་སྒེར་ལ་ཤ་ཚ་བའི་སྐྱེ་བོ་ཚོས་མ་བསྐུར་དྭངས་བླང་གིས་མཉམ་རུབ་བྱེད་ནས་བླ་བྲང་དེ་ཡར་རྒྱས་དང་ཚགས་ཚུད་དུ་གཏོང་བའི་ཐབས་ཤེས་ལ་འབད་དགོས་ཤིང། གཟུར་གནས་ཀྱི་རྩོམ་པ་པོ་ཚོས་འདི་སྐོར་ལ་སྨྱུག་ཁ་མཉམ་རུབ་ཀྱིས་དགག་སྒྲུབ་ཀྱི་རྣོ་སོ་གཅིག་ཏུ་གཏད་དགོས། ཉེ་ཆར་གྱི་དོན་རྐྱེན་ངན་པ་དེ་༧རྒྱལ་དབང་ཀརྨ་པ་སྐུ་སྒེར་གྱི་ནོར་འཁྲུལ་ཞིག་མིན་ཡང་བླ་བྲང་གི་ལས་ཀ་བྱེད་མཁན་ཚོ་ལ་རྣམ་དཔྱོད་དང་ཤེས་འཇོན་མེད་པའི་རྒྱུ་མཚན་ལ་བརྟེན་ནས་ཞབས་འདྲེན་དེ་ལྟར་བཞག་པ་ནི་འཇིག་རྟེན་ཀུན་གསལ་རེད། ལོ་རྒྱུས་ཡུན་རིང་ལྡན་པའི་༧རྒྱལ་དབང་ཀརྨ་པའི་བླ་བྲང་ནི་བློ་གྲོས་ཁབ་མིག་ལས་ཕྲ་བའི་སྐྱེ་བོ་ཤེས་འཇོན་མེད་མཁན་ཚོ་དང་། ས་ཕྱོགས་གང་སའི་ཕན་མ་ཐོག་པའི་ལས་མེད་ར་མ་ལུག་ཚོས་ཨུ་ཚུགས་ཀྱིས་འཚང་ཁ་རྒྱག་ས་ཞིག་མ་ཡིན་པས་ལས་ཀ་མ་འཇོན་མཁན་དེ་ཚོ་རང་འགན་རང་ཁུར་གྱིས་བཟང་སྤྱོད་ངང་ནས་དགོངས་པ་ཞུ་སྟེ། བླ་བྲང་ནང་ལ་ཆོས་ཆབ་སྲིད་སྐད་ཡིག་སོགས་གང་ནས་ཀྱང་མཁྱེན་རྒྱ་ཡངས་ཤིང་འབུར་དུ་ཐོན་པའི་ནུས་པ་ཅན་གྱི་ཤེས་ལྡན་མི་སྣ་གསོག་ཉར་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ཞིག་རེད། ཀརྨ་པའི་བླ་བྲང་དེ་ལྟར་ཉམས་ན་བོད་ཀྱི་རིགས་གཞུང་དང་བསྟན་པ་ཆབ་སྲིད་ཀྱི་ལྟེ་བ་ཞིག་ཉམས་པ་ཡིན་པས་། མཚུར་ཕུ་བླ་བྲང་དེ་ཚགས་ཚུད་དུ་གཏོང་བའི་ལས་འགན་དེ་ཀརྨ་པ་ལ་དད་ཞེན་ཡོད་པའི་མི་རེ་ངོ་རེ་ནས་འགན་ཁུར་དང་། དོ་སྣང་བྱ་རྒྱུ་དེ་འཕྱི་མ་དྲག་ན་སྔ་དྲག་མེད།༧རྒྱལ་དབང་ཀརྨ་པའི་སྐུ་མདུན་ལ་ཕུལ་བའི་དངུལ་དངོས་ཡོད་ཚད་འདས་པོའི་རྣམ་ཤེས་དང་།གསོན་པོའི་སྐྱབས་འཇུག་ཞུ་ཆེད་དུ་ཕུལ་བ་ཞིག་ཡིན།   འཆི་གསོན་མང་པོའི་རེ་བ་བྱལྕི་མོ་ཞིག་བྱས་ནས་ཕུལ་བའི་དངུལ་དངོས་དེ་ཚོ་ཕར་འགྲོ་ཚུར་ཡོང་གི་རྩིས་ཁྲ་ཡག་པོ་མ་བྱས་པར་ལྐོག་ཟ་རུལ་སུང་དུ་འགྲོ་ན། དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་ནས་བལྟས་ཀྱང་མི་རུང་པས་སྒྲིག་འཛུག་ཚགས་ཚུད་བཏང་ནས་རྒྱལ་ཁབ་དང་། ཚོགས་པ་སྒྲིག་འཛུག་སྤྱི་མཚུངས་བཞིན་རྩིས་ཁྲ་ཚད་ལྡན་བཟོ་རྒྱུ་དེ་གལ་ཆེ། སངས་རྒྱས་ཀྱི་བསྟན་པ་ནི་སེངྒེ་བཞིན་ཕྱི་རོལ་གནོད་པས་ཚུགས་མི་ཐུབ་ཀྱང་ནང་གི་གནོད་པས་བསྟན་པ་འཇིག་ཉེན་ཆེ་ཇི་སྐད་དུ་གསུང་པ་བཞིན། ༧རྒྱལ་དབང་ཀརྨ་པའི་བསྟན་པ་དེ་ཕྱི་རོལ་གྱི་གནོད་པས་མི་ཚུགས་ཀྱང་ནང་གི་ལས་བྱེད་ཚོས་ལས་ཀ་བྱེད་ཕྱོགས་མ་འགྲིག་ན་ཏན་ཏན་ཡར་ཐར་མེད་པའི་གཡང་ཁ་ནས་འཕེན་ངེས་པས་འབྲེལ་ཡོད་ཚང་མས་ཡིད་གཟབ་བྱེད་དགོས།

ད་དུང་མི་ཚོས་སྲང་ལམ་བར་ན་ཡོངས་གྲགས་ཀྱི་སྐྱུག་བྲོ་བའི་བཤད་ཚུལ་ཞིག་ལ་རྒྱལ་དབང་ཀརྨ་པ་མཇལ་དུ་འགྲོ་དུས་ཡིག་ཁུག་་དམར་པོ་ཁུར་མཁན་དང་། ངོ་སོ་མཐོ་བའི་སྐྱེ་བོ་བརྒུྱུད་ན་ཀརྨ་པའི་ཞབས་ཞུ་ཚོས་མཇའ་ཁ་ལས་སླ་བོ་རགས་ཀྱི་ཡོད་ཅིང་།   དེ་མེད་ན་མཇལ་ཁ་ཡང་ལས་སླ་བོ་རགས་ཀྱི་མ་རེད་ཟེར་བའི་གནས་ཚུལ་འདུག།  རྒྱལ་དབང་ཀརྨ་པ་ལ་དད་པ་ཡོད་མཁན་ཚོ་མཇལ་ཁ་ལ་འགྲོ་དུས་རང་ཉིད་སྒེར་གྱི་ངོ་སོ་དང་ཁེ་ཕན་ཡོད་མེད་ལ་བལྟས་ན་རྒྱལ་དབང་ཀརྨ་པའི་མཚན་སྙན་བཙོང་བ་དང་བསྟན་པའི་ཞབས་འདྲེན་བླ་ན་མེད་པ་ཡིན་པས་ཚང་མས་དེའི་སྐོར་ལ་ཡིད་གཟབ་དགོས།       མཐའ་དོན་༧རྒྱལ་དབང་ཀརྨ་པའི་བསྟན་པ་ཕྱོགས་ཀུན་ལ་ཁྱབ་ཅིང་མཛད་འཕྲིན་ཉི་ཟླ་དང་མཉམ་པའི་སྨོན་འདུན་བཅས།

{jcomments on}