རྒྱ་ནག་ནས་བལ་ཡུལ་དུ་ཙོང་ནང་འདྲེན།
ཉེ་ལམ་ནས་རྒྱ་གར་ལ་ཟས་རིགས་ཙོང་གི་རིན་གོང་གློ་བུར་ལྡབ་གྱུར་གྱིས་འཕར་བ་ལ་བརྟེན་ཁྱིམ་མཚེས་བལ་ཡུལ་རྒྱལ་ནང་དུ་ཡང་གཅིག་མཚུངས་ཙོང་གི་རིན་གོང་འཕལ་ནས། ཙོང་སྤྱི་རྒྱ་གཅིག་ལ་བལ་སྒོར་བརྒྱ་དང་བཅུ་ནས་ཉི་ཤུ་བར་སླེབས་པ་དང་། རྒྱལ་ནང་གི་མི་སེར་ཚོས་ཙོང་ཉོ་མི་ཐུབ་པ་དང་། མི་རག་པ་སོགས་ཀྱི་དཀའ་ངལ་འཕྲད་ཡོད། ཙོང་ནི་བལ་ཡུལ་གྱི་ཟས་རིགས་གཡོས་སྦྱོར་སྐབས་ཤུགས་ཆེར་བེད་སྤྱོད་བྱེད་སྲོལ་ཡོད་པར་བརྟེན་ཁག་གཅིག་གིས་ཟས་ལ་སྔོ་ཙོང་བེད་སྤྱོད་བྱེད་པ་སོགས་བྱུང་ཡོད་ལ། གནས་སྟངས་དེའི་འོག་ད་ལྟ་བལ་ཡུལ་གྱི་ཁེ་ལས་ཚན་པས་རྒྱ་ནག་ནས་ཙོང་རིལ་ནང་འདྲེན་བྱེད་འགོ་བཙུགས་ཏེ། ཁྲོམ་རའི་ནང་སྤྱི་རྒྱ་གཅིག་ལ་བལ་སྒོར་ ༦༠ བྱས་ནས་བཙོང་བཞིན་པ་དེ་ནི་རྒྱ་གར་གྱི་ཙོང་རིལ་ལས་རིན་གོང་ལྡབ་གཅིག་གི་ཆུང་བ་ཡོད་པ་རེད།
འོན་ཀྱང་རྒྱ་ནག་ནས་ནང་འདྲེན་བྱས་བའི་ཙོང་རིལ་བཙོང་མཁན་དང་། ཉོ་མཁན་ཚོས་བཤད་ན་རྒྱ་ནག་གི་ཙོང་རིལ་རིན་གོང་ཆུང་ཡང་རྒྱ་གར་གྱི་ཙོང་རིལ་ལྟར་དྲོ་བ་མི་ལྡན་པ་དང། བརླན་གཤེར་མང་དྲག་ནས་དུས་ཡུན་ཐུང་ངུའི་ནང་རུལ་ནས་འཕྲོ་བརླག་ལ་འགྲོ་བ་སོགས་དཀའ་ངལ་ཡོང་གི་ཡོད་པ་ལྟར་རིན་གོང་ཆུང་ཡང་རྒྱ་ནག་གི་ཙོང་རིལ་ལ་དེ་ཙམ་དགའ་སྣང་བྱེད་ཀྱི་མེད་པ་རེད།
རྒྱ་ནག་གི་ཞིང་ལས་ཐོན་རྫས་ཀྱི་རིན་གོང་གི་གནས་ཚུལ་ལྟར་ན། ཟླ་ཤས་རིང་རྒྱ་ནག་ནང་གི་སྔོ་ཚོད་རིགས་ཉེར་གཅིག་གི་ཁྲོད་དུ་སྔོ་ཚོད་རིགས་ལྔའི་རིན་གོང་འགྱུར་མེད་པ་དང་། དེའི་ཁྲོད་ཙོང་རིལ་དང་། ལ་སེར། ཙོང་། སྒོག་པ་བཅས་ཡོད་པ་འཁོད་འདུག།
ཙོང་ནི་བལ་ཡུལ་ལ་ཡང་རྒྱ་གར་གཅིག་མཚུངས་ཟས་རིགས་ལ་མེད་དུ་མི་རུང་བའི་ཟས་སྣ་གཅིག་ཡིན་པ་དང་། ཙོང་མེད་ན་ཟས་ལ་དྲོ་བ་མེད་ཚུལ་བཤད་སྲོལ་ཡོད་པ་མ་ཟད། གནམ་གཤིས་དང་ལུས་དྲོད་སོགས་མི་ཉུང་བར་ཕན་ཚུལ་བཤད་ནས་ཙོང་རྗེན་ཟས་བྱེད་མཁན་ཡང་མང་པོ་ཡོད་པ་རེད། །
བལ་ཡུལ་ས་གནས་གསར་འགོད་པས།
{jcomments on}