ཆུ་སྒང་བལ་ཡུལ་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ཡོད་པའི་ཚོགས་པ་ཞིག་ཡིན།

རེས་གཟའ་ཉི་མ་སྟེ། ཕྱི་ཚེས་ ༡༣ ཉིན་བཙན་བྱོལ་སྤྱི་ཚོགས་ཀྱི་ས་གནས་གང་སར་མདོ་སྟོད་མི་མང་གིས་དུས་གཅིག་ལ། བོད་ཀྱི་ཆུ་བཞི་སྒང་དྲུག་ཚོགས་པའི་དབུས་རྒྱུན་ལས་སྐབས་བཅུ་དགུ་པ་མང་གཙོའི་ལམ་སྲོལ་ལྟར་འོས་འདེམས་བྱེད་བཞིན་ཡོད་ནའང་། བལ་ཡུལ་དུ་འོས་འདེམས་བྱེད་ཡུལ་ཁག་གསུམ་ཡོད་པའི་ཁོངས་ནས་རྒྱལ་སའི་ཉེ་འཁོར་བོད་མི་འདུ་སྡོད་བྱེད་ཡུལ་མཆོད་འཇོར་ས་གནས་སུ། གློ་བུར་བལ་ཡུལ་གྱི་ཉེན་རྟོག་པ་ཡོང་ནས་འདེམས་ཤོག་བླུགས་སའི་འོས་སྒམ་རྣམས་བཙན་འཕྲོག་བྱས་ཡོད་པ་དང། རྒྱལ་སའི་ཉེ་འགྲམ་ལཱ་ལེ་པོར་རྫོང་ཁོངས་འཇོ་ལ་ཁེལ་ས་གནས་སུ་ཡང་གཅིག་མཚུངས་གློ་བུར་ཉེན་རྟོག་པ་ཡོང་ནས་འོས་འདེམས་ལས་རིམ་རྩད་གཅོད་དང་འོས་སྒམ་བཙན་འཕྲོག་བྱེད་ཐབས་བྱས་ཡོད་ཀྱང་། ཁོང་ཚོས་སྔ་ས་ནས་འོས་སྒམ་སྦས་སྐོང་བྱས་ཡོད་པར་བརྟེན། འཕྲོག་ཐུབ་མེད་ཀྱང་འོས་ཤོག་བླུགས་ཡུལ་གྱི་དགོན་པ་ཉེན་རྟོག་པས་སྔོག་བཤེར་བྱས་འདུག (ཁ་སེང་གི་གནས་ཚུལ་ནང་འཇོ་ལ་ཁེལ་ས་གནས་སུ་འོས་སྒམ་འཕྲོག་པ་འགོད་ནོར་ཤོར་འདུག)

གནས་ཚུལ་དེའི་ཐད་ཆུ་བཞི་སྒང་དྲུག་ཚོགས་པའི་ས་གནས་ཚོགས་གཙོ་སྐུ་ཞབས་ཀརྨ་རྒྱལ་མཚན་ལ་བཅར་འདྲི་བྱེད་སྐབས། ང་ཚོའི་ཚོགས་པ་དེ་བལ་ཡུལ་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཡོད་ཐོག། ལྷག་པར་བལ་ཡུལ་མང་གཙོ་རྒྱལ་ཁབ་འདིའི་ནང་མང་གཙོའི་འོས་འདེམས་ཀྱི་ལས་རིམ་ཙམ་ཡང་སྤེལ་དུ་མ་བཅུག་པའི་བྱ་སྤྱོད་འདི་ནི་ཧ་ཅང་ཐབས་སྐྱོ་བོ་རེད། གནད་དོན་འདིའི་ཐད་རིམ་པས་ང་ཚོའི་རྒྱུན་ལས་ཚོས་གོ་བསྡུར་བྱེད་མཆར་ཡོད་ཅེས་དང་། ཁོང་ཚོས་སྔ་ས་ནས་གྲ་སྒྲིག་བྱས་བ་བཞིན་མཆོད་འཇོར་ས་གནས་ནས་འོས་སྒམ་བཙན་འཕྲོག་བྱས་བའི་ནང་འོས་ཤོག་བཞི་བཅུ་གཡས་གཡོན་ཙམ་ལས་མེད་པ་རེད། སྤྱིར་བལ་ཡུལ་ལ་ས་གནས་ཆུ་བཞི་སྒང་དྲུག་ཚོགས་པའི་ཚོགས་མི་༣༠༠༠ ཙམ་ཡོད་པ་ཟེར།

གནས་ཚུལ་ལྟར་ན་ཆུ་སྒང་དབུས་རྒྱུན་སྐབས་བཅུ་དགུ་པའི་སྔོན་འགྲོའི་འོས་བསྡུ་ཆེན་མོ་ ༢༠༡༡།༢།༢༠ དང་དངོས་གཞིའི་འོས་བསྡུ་ཆེན་མོ་ ༢༠༡༡།༥།༡༣ ལ་ཡིན་པའི་གསལ་བསྒྲགས་བྱས་ཡོད་ཀྱང་ ༢༠༡༠།༡༢།༤ འཁོད་ཆུ་སྒང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་འགན་འཛིན་ལྷན་ཚོགས་ཐེངས་ ༤༡ པ་དེ་བཞིན་ ༢༠༡༡།༢།༢༤ ནས་བསྐང་རྒྱུར་གལ་ཆེ་དོན་ཆེར་གཟིགས་ཏེ་གཏན་འབེབས་གནང་སྐོར་ལྟར་འོས་བསྡུའི་དུས་རིམ་ལ་སྔ་བསྣུར་གྱིས་སྔོན་འགྲོའི་འོས་བསྡུ་ ༢༠༡༡།༢།༡༣ ཉིན་དང་། དངོས་གཞིའི་འོས་བསྡུ་ ༢༠༡༡།༥།༡ ཉིན་བྱེད་རྒྱུ་གཏན་འཁེལ་བྱས་པ་ཡིན་འདུག།
ཉེ་སྔོན་བཙན་བྱོལ་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོའི་སྐབས་ཀྱང་བལ་ཡུལ་གྱི་ས་གནས་ཁག་ཅིག་ནས། གཞུང་གི་ཉེན་རྟོག་པས་འོས་སྒམ་འཕྲོག་ཡོད་པ་དང་། ད་ལྟ་ཆུ་བཞི་སྒང་དྲུག་གི་འོས་སྒམ་འཕྲོག་པ་དེ་བོད་མིའི་འོས་སྒམ་འཕྲོག་པ་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད།

བལ་ཡུལ་ས་གནས་གསར་འགོད་པས།

{jcomments on}