ཨ་རིའི་བོད་དོན་འབྲེལ་མཐུད་པས་གཟིགས་སྐོར།

ཁོང་ཚོ་སྦེལ་ཀོབ་བོད་མའི་གཞིས་ཆགས་སུ་འབྱོར་སྐབས། དང་པོ་སེ་ར་བླ་སྤྱི་རུ་དགེ་འདུན་པ་ཉི་ཤུ་ལྷག་དང་མཉམ་དུ་བོད་ནང་གི་དཀའ་སྡུག་དང་གནས་བབ་སྐོར་གླེང་མོལ་བྱས་ཡོད་པ་དང་། དགེ་འདུན་པ་རྣམ་པས་ད་བར་ཨ་རི་རྒྱལ་ཁབ་ནས་༸གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་བ་གཙོས་པའི་རྒྱབ་སྐྱོར་མང་པོ་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། མ་འོངས་པར་ཡང་བོད་དོན་ལ་ཐུགས་སྣང་དང་རྒྱབ་སྐྱོར་མུ་མཐུད་ཡོང་བའི་རེ་སྐུལ་དང་། ད་ལྟའི་བོད་ནང་གི་གནས་བབ་ངོ་སྤྲོད་ཞུས་ཡོད་འདུག

དེ་རྗེས་སློབ་གྲྭ་ཁག་གི་སློབ་ཕྲུག་ཁག་ཅིག་ལ་མ་འོངས་པའི་འཚོ་བ་དང་མི་ཚེ་སྐྱེལ་སྟངས་ཀྱི་སྐོར་ལ་བསམ་ཚུལ་གང་ཡོད་འདྲི་ཞིབ་བྱས་ཡོད་པ་རེད་ལ། སྐབས་དེར་སློབ་ཕྲུག་མང་ཆེ་བས་ཨ་རི་ནི་བོད་དོན་ཐོག་བཀའ་དྲིན་ཆེན་པོ་ཡིན་པ་དང་། ༸གོང་ས་མཆོག་ནི་འཛམ་གླིང་ལ་ཁྱད་དུ་འཕགས་པའི་དབུ་ཁྲིད་ཅིག་རེད། དེ་བཞིན་བོད་མིའི་གཞིས་ཆགས་ཁག་ནང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་སྲོལ། གོམ་གཤིས་སོགས་རྒྱུད་འཛིན་དང་། ཡུན་གནས་ཐུབ་དགོས་པར་བརྟེན། རྒྱ་གར་ནང་གི་གཞིས་ཆགས་ཁག་གི་འཛུགས་སྐྲུན་ཡར་རྒྱས་གལ་ཆེན་པོ་འདུག བོད་ཕྲུག་སློབ་ཐོན་བྱུང་བ་རྣམས་ཀྱང་རྒྱལ་ཁབ་གཞན་དང། རྒྱ་གར་གྱི་གྲོང་ཁྱེར་ཁག་ཏུ་ལས་འཚོལ་དུ་འགྲོ་མི་དགོས་པར་བོད་མིའི་གཞིས་སྒར་ཁག་ཏུ་གནས་ཐུབ་པའི་འཛུགས་སྐྲུན་དགོས་པ་གལ་ཆེན་ཡིན་སྐོར་སོགས་ཀྱི་བསམ་ཚུལ་ཤུགས་ཆེན་པོ་བཤད་ཡོད་པ་དང་། བོད་ནང་གི་སློབ་སྦྱོང་གི་གནས་བབ་སྐོར་ངོ་སྤྲོད་ཞུས་རྗེས། བོད་དོན་འབྲེལ་མཐུད་པ་དང་རྒྱབ་སྐྱོར་བ་ཚོས་བསམ་ཚུལ་དེ་ཚོ་གལ་ཆེན་པོ་མཐོང་གི་འདུག་ཅེས་གསུངས་འདུག
དགོང་མོ་བོད་གཞུང་བཀའ་ཤག་གིས་གཞུང་འབྲེལ་གསོལ་ཚིགས་ཤིག་སེ་ར་ཡིད་དགའ་ཆོས་གླིང་དུ་གོ་སྒྲིག་བྱས་འདུག་པ་དང་། སྐབས་དེར་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་ལགས་ཀྱིས་ད་ཐེངས་ཨ་རིའི་དམིགས་བསལ་བོད་དོན་འབྲེལ་མཐུད་པ་དང་། བོད་དོན་རྒྱབ་སྐྱོབ་བ་དངོས་སུ་བོད་མིའི་གཞིས་སྒར་དུ་གཟིགས་སྐོར་ལ་ཕེབས་པར་དགའ་བསུ་དང་འབྲེལ་ཕྱག་རྟགས་ཕུལ་ཡོད་པ་རེད། དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་རྣམས་ངོ་སྤྲོད་བྱས་རྗེས། ལྕམ་མ་རེ་ཡ་ཨོ་ཊེ་རོ་ཡིས་ཀྱང་ད་ཐེངས་ཁོང་༸གོང་ས་མཆོག་དང་མཇལ་འཕྲད་སྐབས། བོད་མིའི་གཞིས་ཆགས་ཤིག་གི་ནང་ལ་གཟིགས་སྐོར་བྱུང་ན་ཡག་པོ་འདུག་གསུངས་སོང་ལ། དེ་ཡང་སྦེལ་ཀོབ་ལྟ་བུའི་གཞིས་ཆགས་ཆེ་ཁག་ཞིག་ལ་ཕེབས་ཐུབ་ན་ཞེས་ཐུགས་རེ་གནང་བ་བཞིན། དངོས་སུ་ལྟ་སྐོར་ལ་འབྱོར་ཐུབ་པ་དགའ་ཚོར་བྱུང་ཞེས་གསུངས་འདུག

ཚེས་༩ ཞོགས་པ་བོད་མིའི་སྲོལ་རྒྱུན་ཞིང་ལས་དང་འབྲེལ་བའི་ས་ཁུལ་དུ་གཟིགས་སྐོར་གནང་ཡོད་པ་དང་། སྲོལ་རྒྱུན་སོ་ནམ་འདེབས་ལས་བྱེད་མཁན་གྱི་ཞིང་པ་ཁག་ཅིག་ལ་ཐུག་འཕྲད་བྱས་རྗེས། འཕྲོད་བསྟེན་སྨན་ཁང་དང། བདེ་སླར་རུམ་འཐག་དང་། སྤོས་བཟོ་གྲྭ ལུགས་བསམ་གྱི་ཕྱུགས་གསོ་ཁང་དང་། འཕྲུལ་ལས་སྡེ་ཚན་སོགས་སུ་གཟིགས་སྐོར་བྱས། མཐར་རྣམ་གྲོལ་གླིང་གི་ལྷ་ཁང་དང་༸གྲུབ་དབང་པད་ནོར་རིན་པོ་ཆེའི་སྐུ་གདུང་བཅས་ལ་གཟིགས་སྐོར་གྲུབ་རྗེས་ཉིན་གུང་གསོལ་ཚིག་རྣམ་གྲོལ་གླིང་དུ་བཞེས་ཡོད་པ་རེད།

ཉིན་རྒྱབ་སྦེལ་ཀོབ་གཞིས་ཆགས་སུ་གཟིགས་སྐོར་ལེགས་འགྲུབ་བྱུང་རྗེས་ཕྱིར་ཕེབས་པ་དང། དེ་རྗེས་རྒྱ་གར་ཀྱི་བོད་མིའི་གཞིས་ཆགས་ས་གནས་གཞན་དུ་གཟིགས་སྐོར་དང་། འབྲུག་ཡུལ་གྱི་བོད་མིའི་གཞིས་ཆགས་དང་བལ་ཡུལ་གྱི་བོད་མིའི་གཞིས་ཆགས་བཅས་སུ་གཟིགས་སྐོར་གནང་ཡོད་པ་རེད།
ཨ་རི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་༢༠༠༩ ལོར་སྲིད་འཛིན་ཨོ་བྷ་མ་དང་། རྒྱ་ནག་གི་སྲིད་འཛིན་ཧུའུ་གཉིས་མཇལ་འཕྲད་མ་གནང་བའི་ཅུང་སྔོན་དུ། རྒྱ་གར་དུ་ཕེབས་ནས་༧གོང་ས་མཆོག་དང་མཇལ་འཕྲད་གནང་བ་དང། ཁོང་གིས་བོད་མིའི་གཞིས་ཆགས་ཁག་ཏུ་གཟིགས་སྐོར་གནང་བ་ཐོག་མ་དེ་ཡིན་འདུག །མེ་སོར་གསར་འགོད་པས།

{jcomments on}