སྙིང་སྟོབས་གླིང་བཙུགས་ནས་ལོ་༡༢ འཁོར་བ།
ཟླ་འདིའི་ཚེས་༡༢ ཉིན་དྷ་ས་ནོར་གླིང་ཉེ་འགྲམ་དུ་ཡོད་པའི་སྙིང་སྟོབས་གླིང་བོད་ཕྲུག་དབང་པོ་སྐྱོན་ཅན་སྦྱོང་བརྡར་ཁྱིམ་ཚང་གི་འགན་འཛིན་སྤྱི་འཐུས་ངག་དབང་ལྷ་མོ་ལགས་ཀྱིས། སྙིང་སྟོབས་གླིང་བཙུགས་ནས་ལོ་༡༢ འཁོར་བའི་དུས་ཆེན་དང་སྦྲགས། སྙིང་སྟོབས་གླིང་གི་ལོ་རྒྱུས་བསྡུས་བཀོད་ཀྱི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་སོང།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་ཁྲི་ཟུར་པ་བསོད་ནམས་སྟོབས་རྒྱལ་མཆོག་དང། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་ཅིག གཞན་ཡང་ཚོགས་སྐྱིད་ཁག་ཅིག་གི་སྐུ་ཚབ་སོགས་ཕེབས་སོང། དང་ཐོག་སྤྱི་འཐུས་ངག་དབང་ལྷ་མོ་ལགས་ཀྱིས་དཔེ་དེབ་དེའི་སྐོར་ངོ་སྤྲོད་གསུང་བཤད་གནང་དོན། དཔེ་དེབ་འདི་དཔར་སྐྲུན་དགོས་པའི་རྒྱུ་མཚན་གཙོ་བོ་ནི། བོད་མི་ཞིག་ཡིན་པའི་ངོས་ནས་རང་གིས་ག་རེ་བྱེད་ཐུབ་པ་དེ་བྱེད་ཀྱི་ཡིན་སྙམ་པའི་དམ་བཅའ་ཞིག་ཡོད། དེ་ནས་རྒྱ་ནག་གི་ངོས་ནས་བོད་མི་ཚོ་ཀླ་ཀློ་ཡིན་པ་དང་འཇོན་ཐང་མེད་པ་སོགས་ཀྱི་དམའ་འབེབ་བྱེད་ཀྱི་ཡོད་དུས། དེ་ལ་ལན་འདེབས་ཀྱི་ཚུལ་དང། ༧གོང་ས་མཆོག་གིས་དེ་སྔོན་དེང་སང་ཕོ་མོའི་ཐོབ་ཐང་འདྲ་མཉམ་གྱི་སྐོར་མང་པོ་གསུང་གི་ཡོད་སྟབས། བུད་མེད་ནང་ལ་དེབ་འབྲི་མཁན་མང་པོ་མེད་པ་དེ་ཐོབ་ཐང་མེད་པ་ལྟ་བུ་རེད། དེའི་སྐོར་བོད་པའི་བུད་མེད་ཚོས་གསལ་བཤད་དང་དེབ་འབྲི་ཐུབ་ན་ཡག་པོ་འདུག་ཅེས་བཀའ་གནང་བ་དང་བསྟུན་ནས། དཔེ་དེབ་འདི་བྲིས་པ་ཞིག་ཡིན་ཞེས་སོགས་ངོ་སྤྲོད་གནང་སོང།
དེ་ནས་སྐུ་མགྲོན་གཙོ་བོ་བཀའ་ཁྲི་ཟུར་པ་བསོད་ནམས་སྟོབས་རྒྱལ་མཆོག་གིས་དཔེ་དེབ་《སྙིང་སྟོབས་གླིང་གསར་འཛུགས་ཀྱིས་ལོ་ངོ་༡༢ སོང་བ་དང། དེའི་འགན་འཛིན་གྱི་བཞུད་ལམ་》 ཞེས་པའི་དཔེ་དེབ་དབུ་འབྱེད་གནང་རྗེས་གསུང་བཤད་གནང་དོན། སྙིང་སྟོབས་གླིང་འདི་ད་སྐབས་གང་ལ་གང་འཚམ་གྱི་མཐུན་རྐྱེན་ལེགས་པོ་དང། ད་ལྟའི་གནས་སྟངས་ལ་དཔག་པའི་ཕུན་སུམ་ཚོགས་པོ་ལྟ་བུ་རེད། དེ་ལ་ངས་སྙིང་སྟོབས་གླིང་གི་འགན་འཛིན་དང་དགེ་ལས་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དབང་པོ་སྐྱོན་ཅན་ལ་བདག་སྐྱོང་བྱེད་རྒྱུ་དེ་ཆོས་དང་འཇིག་རྟེན་གཉིས་ཀ་ནས་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། སྐྱོན་བརྗོད་བྱེད་མཁན་དེ་འདྲ་ཡོང་གི་རེད། སྤྱིར་སྐྱོན་བརྗོད་ཟེར་བ་དེ་སུན་པོ་ཞིག་རེད། འོན་ཀྱང་སྐྱོན་བརྗོད་དེ་ཡོན་ཏན་དུ་ངོས་བཟུང་ནས་དང་ལེན་བྱེད་རྒྱུ་གལ་ཆེན་པོ་རེད། དེ་ལྟར་བྱས་ན་སྐྱོན་བརྗོད་དེ་ཡར་རྒྱས་དང་ཚགས་ཚུད་ཡོང་བའི་གཞི་རྩ་ཞིག་ཆགས་ཀྱི་རེད་ཅེས་སོགས་ཀྱི་ལམ་སྟོན་གསུང་བཤད་གནང་སོང།
དཔེ་དེབ་དེའི་ནང་དུ་སྙིང་སྟོབས་བཙུགས་པའི་དགོས་པ་དང། འགྲོ་སོང་གི་རྩིས་ཁྲ་ཞིབ་བཤེར་བྱེད་སྟངས་སོགས་འཁོད་ཡོད་པ་དང། ཁྱོན་ཤོག་གྲངས་༧༩ ཡོད་པ་རེད། ད་ལྟའི་སྙིང་སྟོབས་གླིང་ལ་ད་ལྟའི་ཆར་བོད་ཕྲུག་དབང་པོ་སྐྱོན་ཅན་གྲངས་༤༧ ཙམ་ཡོད་པ་རེད།།
{jcomments on}