བོད་ཀྱི་རྩ་དོན་ཆེད་གཡོ་བ་མེད་པའི་འགན་ཁུར་དགོས།
སྐབས་དེར་སྐུ་མགྲོན་གཙོ་བོ། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་དང་། རྒྱ་གར་པན་ཇཱབ་ཀྱི་ཁྲིམས་རྩོད་པ་རྒན་པ་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་མི་གཅིག་ལྕོག་སྐུ་ཞབས་ཨར་ཝིན་ཁྲ་ཀུར་གཉིས་ཕེབས་ཡོད་པ་རེད། གོ་སྒྲིག་ཚོགས་པ་གཉིས་ཀྱིས་གཙོ་བོ་བོད་ཀྱི་རྒྱལ་རབས་དང་ཐུན་མོང་མ་ཡིན་པའི་བོད་ཀྱི་རྩ་ཆེན་རིག་གཞུང་སྐོར་ལ་གོ་རྟོགས་སྤེལ་ཡོད་པ་དང་། ཕྱོགས་ཁག་མང་པོ་ནས་བོད་པ་དང་རྒྱ་གར་གཉིས་ཀྱི་མཐོ་སློབ་ཀྱི་སློབ་གཉེར་བ་དང་། བལ་གོས་ཚོང་པ་ཡང་མང་པོ་མཉམ་ཞུགས་བྱས་ཡོད་པ་རེད།
ཉིན་འདིའི་ཞོགས་པ་ས་གནས་གཞོན་ནུའི་ཚོགས་གཙོ། མཁྱེན་རབ་ལགས་ཀྱི་དུས་ཆེན་གྱི་ངོ་སྤྲོད་དང་འབྲེལ་བའི་བོད་ཀྱི་རིག་གཞུང་། རྒྱལ་རབས། སྨན་སྦྱོར་རིག་པ། ཁོར་ཡུག་སོགས་ངོ་སྤྲོད་གནང་འདུག། དེའི་རྗེས་སྐུ་མགྲོན་གཙོ་བོ་རྒྱ་རི་སྒྲོལ་མ་མཆོག་གིས། བོད་ཀྱི་བདེན་པའི་ལོ་རྒྱུས་དེ་ཕྱིར་བསྒྲགས་བྱེད་དགོས་པ་དང་། ང་ཚོ་འགག་ཙར་སླེབས་པའི་དུས་དེར། འཛམ་གླིང་གི་མི་མང་ལ་བོད་ནི་སྔར་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། བོད་རྒྱ་གཉིས་ནི་ཐ་དད་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་བརྡ་སྤྲོད་དགོས་པ་རེད། ད་ལྟའི་ཆར། བོད་དེ་རྒྱ་མིའི་སྟངས་འཛིན་འོག། འགྲོ་བ་མིའི་ཐོབ་ཐང་དང་། ཁོར་ཡུག་སོགས་ཀྱི་གནས་སྟངས་ལ་རྒྱ་ནག་གཞུང་གིས་འཁྱོག་བཤད་འདྲ་མིན་བྱེད་ཀྱི་ཡོད་ནའང་། བོད་མི་རང་ངོས་ནས། འགན་ཞིག་འཁྱེར་བའི་ཐོག་ནས་བདེན་པའི་གནས་ཚུལ་ཤེས་དགོས་པ་དང་གཞན་ལའང་འགྲེལ་བརྗོད་བྱེད་དགོས་སྐོར་གསུངས་འདུག།
སྐུ་ཞབས་ཨར་ཝིན་ལགས་ཀྱིས། བོད་རང་དབང་གིི་ལས་འགུལ་ལ་རྒྱབ་སྐྱོར་ཡོད། བོད་མིའི་ངོས་ནས་ཡང། མི་རིགས་དང་རྒྱལ་ཁབ་ཀྱི་རང་དབང་སླར་གསོའི་འཐབ་རྩོད་ལ་གཡོ་བ་མེད་པ་དང་། བློ་ཐག་ཆོད་པའི་སྒོ་ནས་ལས་འགུལ་སྤེལ་དགོས། རྒྱ་གར་ནང་ཁྱེད་རང་ཚོས་སྤྱོད་བཞིན་པའི་ཐོབ་ཐང་དེ་ངས་པར་དུ་ཤེས་དགོས་པ་ཞིག་ཡིན་སྐོར་སོགས་གསུངས་འདུག།
བོད་གཞུང་དྲིལ་བསྒྲགས་ཁོར་ཡུག་སྡེ་ཚན་གྱི་སྐུ་ཚབ་དོན་གྲུབ་སྒྲོལ་མ་ལགས་ཀྱིས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སྐོར་གསུང་དོན། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ནི། བོད་ཁོ་ནའི་ཁེ་ཕན་མ་ཡིན་པ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་ཁག་གི་གནས་སྟངས་ལའང་ཁེ་ཕན་ཡོད། མདོར་ན། དེ་ནི་གོ་ལ་ཧྲིལ་པོར་ཁེ་ཕན་དང་འབྲེལ་བའི་བྱ་བཞག་ཅིག་ཡིན་པའི་སྐོར་གསུངས་ཡོད་པ་རེད།
ད་ལྟ་བོད་ནང་རྒྱ་མིས་ཁོར་ཡུག་ལ་གཏོར་བཤིག་བཏང་ནས། ཞིང་འབྲོག་ལ་དཀའ་ངལ་ཇི་ཙམ་འཕྲད་ཀྱི་ཡོད་མེད་སྐོར་ལའང་འགྲེམས་སྟོན་ཤིག་བྱས་འདུག། དབུས་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསྟན་འཛིན་ཆོས་སྐྱིད་ལགས་ཀྱིས། བོད་ཀྱི་རང་དབང་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བའི་ནང་། བོད་དེ་ཅིའི་ཕྱིར་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། བོད་ཀྱི་བདེན་པའི་གནས་སྟངས་དེ་བོད་པ་ཙམ་མ་ཟད། ཕྱོགས་ཡོངས་ཀྱིས་ཤེས་དགོས་པའི་རྒྱུ་མཚན་གང་ཡིན་པའི་སྐོར་ལ་གསུངས་འདུག
བོད་ཀྱི་ལོ་རྒྱུས། ཁོར་ཡུག། བཙན་བྱོལ་བོད་གཞུང་གྱི་འཕེལ་རིམ། བོད་སྨན། རང་དབང་སྒེར་ལངས་དང་འབྲེལ་བའི་པར་རིས་འགྲེམས་སྟོན་བྱས་པ་བཞིན། དགུ་བཅུ་གསུམ་ཚོགས་པས་མཁོ་སྒྲུབ་བྱས་པའི་བོད་ནང་གི་མནར་གཅོད་སྐོར་གྱི་འདྲ་པར་ཁག་ཅིག་ཀྱང་ཡོད་པ་རེད། དེ་བཞིན་བོད་ཀྱི་རོལ་མོའི་ཡོ་ཆས་དང་། བོད་ཟས་བཟོ་བ་སོགས་བྱས་འདུག
ཉིན་རྒྱབ། བོད་པའི་གློག་བརྙན་༼སྤྲིན་རྒྱབ་ཀྱི་ཉི་མ་དང་། ༼བོད་མིའི་རང་དབང་འཐབ་རྩོད་༽ཞེས་པ་གཉིས་ཚོགས་ཞུགས་པར་བསྟན་པ་དང་། བོད་པའི་སློབ་ཕྲུག་ཁག་གཅིག་གིས། རིག་གཞུང་འཁྲབ་སྟོན་སོགས་བྱས་ཏེ་དུས་སྟོན་དེ་མཇུག་བསྒྲིལ་ཡོད་པ་རེད༎
གསར་འགོད་པ་བསྟན་འཛིན་ཆོས་རབ་ཀྱིས་བསྡུ་སྒྲིག་བྱས།
{jcomments on}