ཨེ་རྗིབ་ཀྱི་སྲིད་འཛིན་མུ་བྷ་རག་དགོངས་པ་ཞུ་དགོས་བྱུང་བ།
གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨེ་རྗིབ་ནང་དུ་མི་མང་གིས་ལས་འགུལ་རྒྱུན་མི་ཆད་པར་སྤེལ་བར་བརྟེན། སྲིད་དབང་སྒེར་སྤྱོད་པ་ཨེ་རྗིབ་ཀྱི་སྲིད་འཛིན་ལོ་ན་༨༢ སོན་པ་མུ་བྷ་རག་གིས་སྲིད་འཛིན་གྱི་ལས་གནས་ནས་ཕྱིར་འཐེན་བྱེད་དགོས་བྱུང་ཞིང། ད་ལྟའི་ཆར་སྲིད་གསར་པ་གཏན་ཁེལ་མེད་སྟབས། བར་བརྒལ་གྱི་སྲིད་དབང་དེ་དམག་སྤྱི་མཐོ་གྲས་རྣམས་ལ་རྩིས་སྤྲོད་བྱས་ཡོད་པ་རེད།
མི་མང་གིས་ངོ་རྒོལ་བྱས་ནས་རྒྱལ་ཁ་ཐོབ་པ་དེར་ཚང་མ་དགའ་སྤྲོ་ཆེན་པོ་བྱུང་ནས་ཨེ་རྗིབ་ཀྱི་རྒྱལ་ས་ཁེ་རོ་གཙོས་པའི་གྲོང་ཁྱེར་ཆེ་ཁག་གི་མི་མང་ཚོ་རང་རང་གི་ས་གནས་སུ་ཕྱིར་ལོག་བྱེད་བཞིན་ཡོད་འདུག ད་ལྟའི་བར་བརྒལ་གྱི་དབང་འཛིན་དམག་སྤྱི་ཚོས་དེ་སྔའི་གྲོས་ཚོགས་ཕྱིར་འཐེན་དང། རྩ་ཁྲིམས་ཕྱིར་བསྡུ་བྱས་ཏེ་དུས་ཡུན་ཟླ་དྲུག་གི་རིང་ལ་སྲིད་འཛིན་གསར་པ་འོས་འདེམས་ཀྱི་ལམ་ནས་འདེམས་བསྐོ་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།
གནས་ཚུལ་དེར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི་སོགས་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱི་སྲིད་འཛིན་དང་སྲིད་བློན་མང་པོས་དགའ་བསུ་ཞུས་ཡོད་ནའང། རྒྱ་ནག་གིས་དགའ་བསུ་ཞུས་པའི་གནས་ཚུལ་གོ་རྒྱུ་མེད་པ་མ་ཟད། རྒྱ་ནག་རྒྱལ་ཡོངས་སུ་གནས་ཚུལ་དེ་ཁ་གསལ་ཕྱིར་བསྒྲགས་མ་བྱས་པར་བཀག་འགོག་དང་དོགས་པ་རྣམ་རྟོག་བྱེད་ཀྱི་ཡོད་ཅིང། ཨེ་རྗིབ་ཀྱི་གནས་ཚུལ་དེས་ཨེ་རན་དང། ཊོ་ནི་ཤི་ཡ། ཡེ་མན་རྒྱལ་ཁབ་བཅས་སུ་ཤུགས་རྐྱེན་ཆེན་པོ་བྱུང་ནས་རྒྱལ་ཁབ་དེ་དག་གི་མི་མང་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པར་བརྟེན། རྒྱ་ནག་དེ་ལས་རྣམ་རྟོག་ཆེན་པོས་མི་མང་གིས་སྲིད་དབང་སྒེར་སྤྱོད་པ་ཞིག་ཕམ་ཉེས་བཏང་བའི་གནས་ཚུལ་རྒྱ་ནག་རྒྱལ་ཡོངས་སུ་ཁྱབ་བསྒྲགས་བྱེད་རྒྱུར་བཀག་འགོག་དང། དམ་དྲག་ནན་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་གསར་ལམ་ཁག་ནས་ཐོན་ཡོད་པ་རེད།།
{jcomments on}