བོད་དོན་དམིགས་བསལ་འབྲེལ་མཐུད་པས་བལ་ཡུལ་དུ་གཟིགས་སྐོར།
ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་གཞུང་དོན་མཚམས་གཟིགས་ལ་ཕེབས་བཞིན་པའི་ཨ་རི་རྒྱལ་ཁབ་ཀྱི་ཕྱི་སྲིད་དྲུང་གཞོན་ལས་རོགས་དང་གཞུང་གི་བོད་ཐོག་བསྐོ་བཞག་བྱས་པའི་དམིགས་བསལ་འབྲེལ་མཐུད་པ་ལྕམ་མཱ་རི་ཡ་ཨོ་ཊེ་རོ་ཕྱི་ཚེས་༡༢ ཉིན་བལ་ཡུལ་ལ་འབྱོར་ཐོག ཚེས་༡༣ ཉིན་བོད་ཀྱི་ས་ཁུལ་གང་ས་ནས་བྲོས་བྱོལ་སྐྱབས་བཅོལ་ལ་འབྱོར་སའི་བཙན་བྱོལ་བོད་གཞུང་གི་བལ་ཡུལ་སྣེ་ལེན་ཁང་ལ་གཟིགས་སྐོར་དང་། བོད་ནས་བྲོས་བྱོལ་སྐྱབས་བཅོལ་ལ་འབྱོར་མ་ཐག་པའི་བོད་མི་བཅུ་ཕྲག་ཁ་ཤས་ཡོད་པ་ཚོར་ཐུག་འཕྲད་སྐབས། བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་། བལ་ཡུལ་གྱི་ཨ་རིའི་གཞུང་ཚབ་པ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱིའི་སྐྱབས་བཅོལ་ལྟ་རྟོགས་ལས་ཁུངས་ཀྱི་གནད་ཡོད་མི་སྣ་བཅས་ཡོད་པ་དང་། བོད་མི་སྐྱབས་བཅོལ་བ་ཚོས་ཕེབས་བསུའི་སྐབས། བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་དང་སྣེ་ལེན་ཁང་གི་འགན་འཛིན་བཅས་ཡོད་པ་རེད། ཁོང་གིས་བོད་མི་བྲོས་བྱོལ་བ་ཚོར་འཚམས་འདྲི་དང་བོད་མིི་ཚོར་ཐུག་འཕྲད་ཐུབ་པར་དགའ་བོ་བྱུང་བ་མ་ཟད། འགྲོ་བ་མིའི་ཐོབ་ཐང་གི་གཙོས་བོད་དོན་ལ་ཨ་རི་གཞུང་གིས་དུས་རྒྱུན་དོ་སྣང་དང་རྒྱབ་སྐྱོར་ཡོད་པ་སོགས་ཀྱི་གཏམ་བཤད་གནང་ཡོད་པ་རེད།
དེ་ནས་ཁོང་གིས་སྣེ་ལེན་ཁང་གི་ལས་ཁུངས་ལས་ཤག་དང་བཅས་པར་ཡོངས་སུ་གཟིགས་སྐོར་དང་། བོད་ནས་འབྱོར་མ་ཐག་པའི་བོད་མི་ཁག་གཅིག་ལ་དངོས་སུ་ཐུག་འཕྲད་བྱས་ནས། ད་ལྟའི་བོད་ནང་གི་གནས་སྟངས་དང་བྲོས་བྱོལ་སྐབས་ལམ་བར་གྱི་དཀའ་ངལ་སོགས་ཀྱི་ཐད་འདྲི་རྩད་བྱེད་སྐབས། བོད་མི་ཁག་ཅིག་གིས་མིག་ནས་མཆི་མ་འཐོར་བ་དང་ངུ་འབོད་བྱེད་བཞིན་བོད་ནང་གི་བདེ་སྡུག་ངོ་སྤྲོད་བྱས་པར། ཁོང་གིས་དོ་སྣང་ཆེན་པོས་གསན་པ་དང་སེམས་འགུལ་ཐེབས་པའི་རྣམ་འགྱུར་བསྟན་ཡོད་ལ། དེའི་རྗེས་སྣེ་ལེན་ཁང་གི་འགན་འཛིན་དང་ལས་བྱེད་བཅས་ལ་ནང་ཁུལ་གྲོས་མོལ་བྱེད་སྐབས། སྣེ་ལེན་འགན་འཛིན་ནས་བོད་མི་བྲོས་བྱོལ་བའི་དཀའ་ངལ་ཐད་འབྲེལ་ཡོད་གནས་ཚུལ་ཁག་གཅིག་སྙན་སེང་ཞུས་ཡོད་འདུག། གནས་ཚུལ་དེའི་ཐད་གསར་འགོད་པས་བཅར་འདྲི་བྱས་པར། འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས། “ང་ཚོས་བོད་མི་བྲོས་བྱོལ་བ་ཚོར་བལ་ཡུལ་ས་མཚམས་ཁག་ནས་འཕྲད་བཞིན་པའི་དཀའ་ངལ་སོགས་གནད་དོན་ཁག་གཅིག་སྙན་སེང་ཞུ་རྒྱུ་བྱུང་ལ། དེའི་ཐད་ཁོ་མོས་བལ་ཡུལ་གྱི་གནད་ཡོད་མཐོ་རིམ་དཔོན་རིགས་ཁག་དང་ཐུག་འཕྲད་སྐབས་གླེང་གཞི་བཏོན་ནས་དཀའ་ངལ་སེལ་ཐབས་བྱེད་རྒྱུ་ཡིན་པ་སོགས་གསུངས་སོང་། སྣེ་ལེན་ཁང་ལ་གཟིགས་ཞིབ་སྐབས་ཁོ་མོར་མཛད་བྲེལ་ཡོད་མིན་ལ་མ་ལྟོས་པར་ལྷོད་ལྷོད་བྱས་ནས་རྟོག་ཞིབ་ནན་མོ་གནང་གི་འདུག་”ཅེས་གསུངས་སོང་།
སྣེ་ལེན་ཁང་ལ་གཟིགས་སྐོར་གྲུབ་མཚམས་རྒྱལ་སའི་ Yak་& yeti མགྲོན་ཁང་ཆེན་མོའི་ནང་བལ་ཡུལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་གནད་ཡོད་མི་སྣ་ཁག་གཅིག་དང་ཐུག་འཕྲད་བྱས་ནས། བོད་མི་སྐྱབས་བཅོལ་བའི་གནས་སྟངས་དང་འབྲེལ་ཡོད་གནས་ཚུལ་ཐད་འདྲི་ཞིབ་བྱས་ཡོད་འདུག། སྐབས་དེར་བོད་མི་མང་སྤྱི་འཐུས་དང་། དོན་གཅོད། ས་གནས་འགོ་འཛིན། བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འབྲེལ་ཡོད་ལས་བྱེད་བཅས་ཞུགས་ཡོད་འདུག
ཕྱི་ཚེས་༡༤ ཉིན་དམིགས་བསལ་འབྲེལ་མཐུད་པས་བལ་ཡུལ་གྱི་སྲིད་བློན་གསར་པ་ཁཱ་ནལ་དང་མཇལ་འཕྲད་གནང་བ་དང་། བལ་ཡུལ་གཞུང་གིས་བོད་མི་བྲོས་བྱོལ་སྐྱབས་བཅོལ་བ་ཚོར་འགྲོ་ལུགས་གཉེར་སྟངས་ཐད་མཐུན་འགྱུར་རོགས་རམ་གནང་དགོས་པ་དང་། རྒྱལ་ནང་གི་བོད་མི་ཚོར་སྐྱབས་བཅོལ་ལག་འཁྱེར་སྤྲོད་དགོས་སྐོར་སོགས་ཀྱི་སྐོར་ནན་པོ་ཞུས་ཡོད་འདུག
བལ་ཡུལ་ས་གནས་གསར་འགོད་པས།