བཀའ་ཁྲིའི་བགྲོ་གླེང་དང་མི་མང་གི་མཐོང་སྣང་།

ཟླ་འདིའི་ཚེས་༡༡ དང་༡༢། ༡༣ བཅས་སོ་སོར་བཀའ་ཁྲིའི་དངོས་གཞིའི་འོས་མི་བཀྲ་ཤིས་དབང་འདུས་དང་། བློ་བཟང་སེང་གེ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གསུམ་སྦེལ་ཀོབ་གཞིས་ཆགས་སུ་འབྱོར་ནས། གཏམ་བཤད་དང་མི་མང་གི་དྲི་བར་ལན་འདེབས་གནང་ཡོད་པ་རེད།

དེ་ཡང་ཚེས་༡༡ ཉིན་ས་གནས་ཀྱི་གཞོན་སྐྱེས་ཁག་ཅིག་གི་གོ་སྒྲིག་འོག་བཀྲ་ཤིས་དབང་འདུས་ལགས་ཀྱིས་མི་མང་ལ་གཏམ་བཤད་གནང་ཡོད་པ་དང་། ཁོང་གིས་མི་མང་དང་དྲི་བ་དྲིས་ལན་བྱེད་སྐབས་“མ་འོངས་པའི་སེམས་འཚབ་ཆེ་ཤོས་ནི་༸གོང་ས་མཆོག་གི་སྐུའི་བདེ་འཇགས་དེ་ཡིན་”ཞེས་གསུངས་སོང་།

debate katu belkob

ཚེས་༡༢ ཞོགས་པ་ཆུ་ཚོད་ ༩ ཐོག་ས་གནས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག་བློ་བཟང་སེང་གེ་ལགས་ནས་མི་མང་ནང་གཏམ་བཤད་དང་དོགས་འདྲི་ལ་གསལ་བཤད་གནང་རྗེས། མི་མང་གི་དྲི་བར་ལན་འདེབས་སྐབས་“མི་མང་གིས་འོས་བླུགས་པ་ནང་བཞིན་རང་ཉིད་ཀྱིས་བསམ་གཞིག་དང་གྲོས་བསྡུར་མང་པོ་བརྒྱུད། འགན་ཁུར་ཡོད་པའི་ཐོག་ནས་བཀའ་ཁྲིའི་འོས་མིར་ལངས་པར་བརྟེན། རྗེས་སུ་ལས་དོན་འགྲུབ་མ་འགྲུབ་ཀྱི་གནས་ཚུལ་གང་བྱུང་ཡང་མི་མང་ལ་ལན་པ་ཡོད་པར་ངོས་འཛིན་བྱེད་རྒྱུ་མིན་”ཞེས་གསུངས་སོང་།

ཚེས་༡༤ ཉིན་ས་གནས་དབུས་གཙང་རྒྱུན་ལས་སོགས་ཀྱི་གོ་སྒྲིག་འོག བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་གཏམ་བཤད་གནང་བ་དང་། མི་མང་དང་དྲི་བ་དྲིས་ལན་སྐབས་ཁོང་གིས་“མ་འོངས་པར་བོད་ཀྱི་རྩ་དོན་དེ་དེ་སྔ་འཛིན་བཞིན་པའི་སྲིད་ཇུས་ལ་དམིགས་བསལ་འཇུག་དགོས་པར་མཐོང་གི་མེད་པ་དང་། ང་ཚོའི་ལངས་ཕྱོགས་ཐད་བསམ་གཞིག་གཟབ་ནན་བྱས་ནས། སྐབས་བབ་ཀྱི་ཐབས་ལམ་གསར་པ་ཡང་བྱེད་དགོས་པ་རེད་”ཅེས་གསུངས་སོང་།

བགྲོ་གླེང་ལ་བཅར་བ་ཁག་ཅིག་ལ་བཀའ་སྤྱིའི་འོས་བསྡུ་དང་འབྲེལ་བའི་བགྲོ་གླེང་ཁག་དང་། གཏམ་བཤད་བཅས་ཀྱི་བརྒྱུད་རིམ་ནང་མཐོང་ཚུལ་གང་བྱུང་བཅར་འདྲི་བྱས་པར། sonam belkob1ས་གནས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཞོན་བསོད་ནམས་ཀྱིས་གསུང་དོན། “ད་ལོའི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་འདིའི་ནང་སྔར་དང་མི་འདྲ་བར་དྭངས་བླང་པ་མང་པོ་བྱུང་ཡོད་པ་རེད་ལ། དེ་ཡང་གཙོ་བོ་༸གོང་ས་མཆོག་གིས་ཕ་མས་བུ་ཕྲུག་ལ་གདམས་པ་ལྟར་མང་གཙོའི་ལམ་སྟོན་དང་། དབུ་ཁྲིད་གནང་བ་ལ་བརྟེན་ནས་བྱུང་བ་ཞིག་རེད་བསམ་གྱི་འདུག བཀའ་ཁྲིའི་འོས་ཁོངས་སུ་ཞུགས་མཁན་རྣམ་པས་ཀྱང་རྒན་པའི་ཉམས་མྱོང་དང་འཇོན་ཐང་གླེང་ནས་བཀའ་ཁྲི་བྱེད་རྒྱུ་ཡིན་གསུངས་ཡོད་པ་རེད། དཔེར་ན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལྟ་བུ་རེད། བཀའ་ཟུར་བཀྲིས་དབང་འདུས་ལགས་རེད། ལྷག་པར་དུ་མཁས་དབང་བློ་བཟང་སེང་གེ་ལ་ཆ་བཞག་ན་གཞིས་ཆགས་རང་ནས་འཚར་ལོངས་བྱུང་། སློབ་མཐར་ཕྱིན། རྒྱལ་སྤྱིའི་མཁས་དབང་གི་གོ་གནས་ཡོད་མཁན་ཞིག་རེད། ཁོང་གིས་གནས་ཚུལ་མང་པོའི་ཐོག་ནས་རྒྱ་ནག་ལ་བརྡ་ལན་སྤྲད་ཐུབ་པ་ལྟ་བུ་རེད་བསམ་ཡོད། གནས་ཚུལ་འདི་ཚོ་ཡག་པོ་མཐོང་སོང་། མི་མང་ནང་ནས་བཀའ་ཁྲིའི་འོས་མི་དེ་དག་ལ་སྐྱོན་བརྗོད་དང་། དོགས་འདྲི་སྣ་ཚོགས་ཡོང་བསྡད་པ་དེ་ཡང་མི་མང་གིས་བསམ་བློའི་རང་དབང་དང་། སྨྲ་བརྗོད་རང་དབང་བཅས་ཀྱི་གནས་ཚད་དང། བཙན་བྱོལ་གཞུང་གི་མང་གཙོའི་གནས་བབ་ཧ་ཅང་མཐོན་པོ་ཡིན་པ་མཚོན་ཡོད་པ་མཐོང་གི་འདུག འོན་ཀྱང་ད་ལོ་གཞུང་གིས་འགྲོ་སོང་བསྲི་ཚགས་ཡོང་ཆེད་དུ་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་དུས་གཅིག་ལ་བྱས་པར་བརྟེན། བཀའ་ཁྲིའི་བགྲོ་གླེང་དང། བཀའ་ཁྲི་ལ་དོ་སྣང་བྱེད་ཤུགས་ཀྱིས་སྤྱི་འཐུས་ཀྱི་ཐོག་ལ་དོ་སྣང་སྤྲད་མ་ཐུབ་པའི་ཤུགས་རྐྱེན་ཐེབས་པ་ལྟ་བུ་འདུག་པས། རྗེས་སུ་བཀའ་སྤྱིའི་འོས་བསྡུའི་དུས་ཚོད་སོ་སོར་དགོས་པ་གལ་ཆེན་པོ་མཐོང་སོང་”ཞེས་འགྲེལ་བརྗོད་གནང་སོང་།

tenzin wangmo belkobཡང་ས་གནས་བུད་མེད་ཚོགས་གཙོ་བསྟན་འཛིན་དབང་མོ་ལགས་ཀྱིས། “ང་རང་གིས་ཡག་ཤོས་དེ་ག་རེ་མཐོང་གི་འདུག་ཟེར་ན། ང་ཚོའི་སྤྱི་ཚོགས་ནང་ལ་སྔོན་མ་དང་མི་འདྲ་བར་མི་མང་སོ་སོས་ཁུར་བླངས། མདུན་ལ་ཡར་ཐོན་ནས་ཉམས་མྱོང་བསགས། དོ་སྣང་བྱས་པ་དེ་ཕན་ཚུན་བགྲོ་གླེང་དང་རྩོད་གླེང་བྱས་པ་བཅས་ལ་བརྟེན་ནས་བྱུང་བ་རེད་བསམ་གྱི་ཡོད། སྔོན་མ་ཡིན་ན་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་ཡིན་ཤག་བྱས་ནས། དེ་ལས་གཞན་ལ་མི་མང་གིས་དོ་སྣང་མ་བྱས་པ་དང༌། འོས་བླུག་ན་མ་བླུག་ན་ཁོང་རང་རེད་བསམ་པ་དང་། སྤྱི་འཐུས་ཡང་མི་གཞན་གྱི་རྐུབ་ལ་འགྲོ་རྒྱུ་གཙོ་བོ་བྱེད་པ་ལས། དེས་ཕན་ཐོགས་དང་གནོད་སྐྱོན་ག་རེ་བྱེད་ཀྱི་ཡོད་མེད་ལ་དོ་སྣང་བྱེད་མཁན་ཉུང་ཉུང་རེད། ཡིན་ཡང་ད་ཐེངས་རྒན་གཞོན་བར་གསུམ་ཚང་མས་ཐུགས་སྣང་བྱས། ཁུར་བླང་། ཚོགས་པ་སྐྱིད་སྡུག མི་སྒེར་ཚང་མས་འགོ་ཁྲིད་བྱས་ནས་གྲོས་བསྡུར་བགྲོ་གླེང་བྱས་པ་འདི་ཡག་པོ་རེད། བཟང་ཕྱོགས་ལ་མཐོང་གི་འདུག ཡིན་ནའང་ཁ་ཤས་ཀྱིས་ཕྱོགས་ཞེན་བྱས་ནས་སྐྱོན་བརྗོད་བྱེད་པ་དེ་ཡག་པོ་མཐོང་མ་སོང་”ཞེས་འགྲེལ་བརྗོད་གནང་སོང་།

tserin dorjee belkobསྐུ་ཞབས་ཚེ་དབང་རྡོ་རྗེ་ལགས་ཀྱིས། “ད་ལྟ་དངོས་གཞིའི་ནང་འོས་མི་གསུམ་ཐོན་པ་རེད། ཁོང་རྣམ་པས་མི་མང་ལ་གསལ་བཤད་དང་གཏམ་བཤད་གནང་སོང། ད་ཐེངས་སྔར་དང་མི་འདྲ་བར་བཀའ་ཁྲིའི་འོས་མིར་ལངས་པ་དང། གཞིས་ཆགས་ཁག་ལ་སྐོར་བསྐྱོད་བྱེད་པ། དེ་ཚོ་ཧ་ཅང་ཡག་པོ་འདུག རྒྱ་གར་བྱང་ཤར་གྱི་ས་གནས་ཏེ་ཛུ་དང་། མེའོ་ལྟ་བུའི་ས་ཁུལ་དུ་ཡང་ཕེབས་ནས་དངོས་ཡོད་གནས་ཚུལ་མང་པོ་ཤེས་ཡོད་པ་རེད། མི་མང་གི་འགོ་ཁྲིད་ཅིག་ཡིན་ན། མི་མང་གི་གནས་ཚུལ་སྤྱི་དང་ལྷག་པར་དཀའ་ངལ་ཡོད་པའི་མི་མང་གི་གནས་ཚུལ་ཤེས་རྒྱུ་གལ་ཆེན་པོ་རེད། དེ་བཞིན་འོས་མི་སོ་སོའི་ཤེས་འཇོན་གྱི་ཐོག་ནས་མི་མང་ནང་བཀའ་ཁྲི་བྱེད་རྒྱུར་བློ་སྤོབས་དང་གདེང་ཚོད་བཤད་པ་དེ་ཚོ་ཡག་པོ་འདུག མ་འོངས་པའི་བཀའ་ཁྲིའི་འོས་མི་ཚོར་མིག་དཔེ་བཟང་པོ་ཆགས་ཀྱི་རེད་བསམ་གྱི་འདུག  ད་ལྟ་བར་དུ་དེ་འདྲ་བྱུང་ཡོད་པ་མ་རེད། མི་མང་གིས་དོགས་འདྲི་བྱེད་པ་ཡག་པོ་འདུག ཡིན་ནའང་བཀའ་ཁྲིའི་འོས་མིར་རྒྱབ་སྐྱོར་བ་རེ་འགས་གཞི་མེད་སྐྱོན་བརྗོད་འདྲ་མིན་བྱེད་པ་དང། ཕྱོགས་ཞེན་འགྲན་རྩོད་བྱེད་བཞིན་ཡོད་པའི་རྣམ་པ་ཞིག་སླེབས་གྲབས་བྱེད་ཀྱི་འདུག དེ་ནི་རྩ་བ་ནས་ཡག་པོ་མཐོང་མ་སོང་”ཞེས་འགྲེལ་བརྗོད་གནང་སོང༌། ཁོང་ཚོའི་མཐོང་ཚུལ་འདི་ལྟ་བུ་མི་མང་ཆེ་བར་བྱུང་ཡོད་པ་ཞིག་རེད་འདུག །
མེ་སོར་གསར་འགོད་པས།

{jcomments on}