མང་པོའི་འཚོ་བ་སྣུམ་པོ་ཁུར་དུ་བླངས་ནས།།
བཟའ་བཏུང་ཚོང་གི་རིན་གོང་ཆུ་ཁར་གཡུག་སྟེ།།
འདོད་ཆུང་གྲྭ་བའི་འཚོ་ཐབས་གནའ་མར་བསུས་པའི།།
འདུས་ཚོགས་དགེ་འདུན་རྒྱས་པའི་གླིང་ཆེན་ཁྲ་མོ།།
གླེགས་བམ་སྔས་སུ་བསྙལ་བའི་ངང་ཚུལ་མཛེས་པོ།།
གནད་དོན་སེམས་ལ་རྒྱན་པའི་ལམ་ལུགས་ཡག་མོ།།
ཐམས་ཅད་བོད་ལ་སེམས་པའི་གཤིས་ལུགས་བཟང་པོ།།
དྲན་ན་བློ་ཁ་བདེ་བའི་འབྲས་སྤུངས་ཆོས་སྡེ།།
ལྷབ་ལྷུབ་མཆོད་པའི་རྒྱན་ཕྲེང་མཁའ་ལ་འཕྱོ་ཞིང་།།
དྷི་སྐད་རྩོད་པའི་སྒྲ་དབྱངས་ཕྱོགས་སུ་བཀྱེ་བའི།།
རིགས་པའི་ཚ་རླབས་འཕྱུར་བའི་གདན་ས་ཆེན་པོ།།
ང་ཡི་རིགས་པའི་གྲོགས་ཀྱི་བློ་ཤེད་རྒྱས་ས།།
སྣ་མང་མི་རིགས་འདུས་པའི་ལྡུམ་ར་ཆེན་མོ།།
བཀུར་སྟིའི་སྣེ་ལེན་ཟབ་པ༷འི་མགྲོན་ས་བཟང་པོ།།
ཐུ་མིའི་ཡིག་ཚོགས་མོད་པའི་ཁ་བ་དཀར་པོ།།
ལ་རྒྱའི་ཁ་བ་མཐུག་སའི་འབྲས་སྤུངས་ཆོས་སྡེ།།
༸གོང་མ་ལྷ་ཡི་མེ་ཏོག་ལན་མང་འཐོར་ས།།
མང་མོས་དཔོན་གྱི་དང་པོ་བྱེས་ནས་ཕེབས་ས།།
མ་འོངས་འདུག་ཆུས་རྩོད་པའི་གྲྭ་རྒོད་འཚར་ས།།
མཐོང་ན་སྤོབས་པ་སྩོལ་བའི་འདུས་ཚོགས་ཆེན་མོ།།
ཕ་སྐད་གསེར་གྱི་པ་ཊ་རྒྱན་དུ་འཆང་ས།།
རིག་གཞུང་དུང་དཀར་གཡས་འཁྱིལ་རྒྱུན་དུ་འབོད་ས།།
ཚན་རྩལ་རིག་པའི་སྣང་བ་གཡང་དུ་འགུགས་ས།།
མི་རིགས་ཚེ་སྲོག་བཟུང་བའི་ལྕགས་སྐུད་སྦོམ་པོ།།
༣༡་༡་༡༠༡༡ མཚན་མོ་མེ་འཁོར་ནང་དུ་བྲིས།།