འཕགས་ཤིང་མཆོད་རྟེན་ཆེན་མོའི་འགྲམ་དུ་ཐོག་བརྒྱབ་པ།
གནས་ཚུལ་དེ་ནི་ཟླ་འདིའི་ཚེས་༡༥ ཉིན་གྱི་སྐྱ་རེངས་དུས་ཀྱི་ཆུ་ཚོད་༥ མ་ཟིན་ཙམ་ལ་བྱུང་བ་ཡིན་པ་དང་། མཆོད་རྟེན་དབུ་རྩེ་ལ་གནས་སྡོད་བྱེད་མཁན་བོད་རིགས་དགེ་འདུན་པ་ཞིག་གིས་གསུང་དོན། ཞོགས་པ་དེར་མུན་ནག་སྟུག་ཅིང་ཆར་པ་བབས་ནས་རླུང་ཤུགས་ཆེན་གཡུག་པ་དང་མཉམ་གློ་བུར་གནམ་ནས་ཐོག་བརྒྱབ་སོང་། དེའི་རྐྱེན་པས་མཆོད་རྟེན་འཕགས་པ་ཤིང་ཀུན་དང་མཉམ་དུ་ཡོད་པའི་མཆོད་རྟེན་Pratappur temple དེའི་རྩ་བ་དང་རྩེ་མོ་གང་སར་གཏོར་སྐྱོན་ཚབས་ཆེན་ཐེབས་འདུག འོན་ཀྱང་དེའི་ཉེ་འཁོར་གྱི་ནང་པའི་དགོན་པ་དང་མཆོད་རྟེན་རིན་པོ་ཆེར་སྐྱོན་ཆགས་གང་ཡང་བྱུང་མི་འདུག ད་དུང་ནམ་རྒྱུན་ཉིན་ལྟར་མི་མང་པོ་མཆོད་རྟེན་དབུ་རྩེ་ལ་མཆོད་འབུལ་དང་སྐོར་བ། རྩལ་སྦྱོང་སོགས་ལ་ཡོང་གི་ཡོད་ཀྱང་ཉིན་དེར་གནམ་གཤིས་རྐྱེན་པས་ཡོང་མཁན་མ་བྱུང་བར་བརྟེན་སྟབས་ལེགས་པ་ཞིག་ལ་མི་ལ་ཤི་རྨས་སོགས་གང་ཡང་བྱུང་མེད་པ་རེད་ཅེས་འགྲེལ་བརྗོད་གནང་བྱུང།
ནམ་རྒྱུན་བལ་ཡུལ་གྱི་ཡུལ་མིའི་སྤྱི་ཚོགས་ཁྲོད་དུ་མཆོད་རྟེན་དེ་ལ་སྐྱོན་ཆགས་བྱུང་བ་ཡིན་ན་རྒྱལ་ནང་དུ་གནས་ཚུལ་ངན་པ་འབྱུང་སྲིད་པའི་ཐན་བལྟས་དང། ཡང་ན་འབྱུང་ཉེན་སྔོན་འགོག་ཆེད་ཆོས་ཀྱི་ཆོ་ག་སྤེལ་དགོས་བའི་སྔ་བལྟས་ཡིན་པའི་བཤད་སྲོལ་ཡོད་འདུག་ལ། ཕྱི་ལོ་༢༠༠༣ ལོར་མཆོད་རྟེན་དེར་གློ་བུར་དུ་མེ་སྐྱོན་བྱུང་ནས་འཐོར་ཞིག་ལ་སོང་སྐབས་རིང་པོར་མ་སོང་བར་བལ་ཡུལ་རྒྱལ་ནང་དུ་ཆབ་སྲིད་ཀྱི་དཀའ་རྙོག་ཆེན་པོ་བྱུང་ཐོག མི་ལོ་༢༤༠ ལྷག་གི་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཀྱི་རྒྱལ་པོའི་རིང་ལུགས་མཇུག་བསྒྲིལ་ཡོད་པ་རེད།
གསར་བཞེངས་ཉམས་གསོ་བྱས་ནས་མི་ལོ་༨ ཙམ་ལས་ཕྱིན་མེད་ཀྱང། བསྐྱར་དུ་ཐོག་གིས་གཏོར་སྐྱོན་ཚབས་ཆེན་བཏང་ནས་འཐོར་ཞིག་ལ་འགྲོ་ཉེན་ཆེ་བའི་མཆོད་རྟེན་Pratappur temple དེ་མི་ལོ་༣༥༠ ཙམ་གྱི་སྔོན་བལ་ཡུལ་གྱི་རྒྱལ་པོ་ཞིག་གིས་ཉིད་ཀྱི་ཡུམ་དང་བཙུན་མོ་འདས་བར་དྲན་རྟེན་དུ་བཞེངས་པ་ཡིན་འདུག་ལ། དེའི་ནང་ཧིན་རྡུ་ཆོས་ལུགས་ནང་པ་སངས་རྒྱས་པ་ཚང་མའི་ཐུན་མོང་གི་རྟེན་ཡོད་པ་བཤད་བཞིན་པ་དང་ད་ཆ་འཛམ་གླིང་གི་གནའ་ཤུལ་སྲུང་སྐྱོབ་ཚན་པའི་གྲས་སུ་ཡོད་པ་རེད་འདུག།།
བལ་ཡུལ་ས་གནས་གསར་འགོད་པས།
{jcomments on}