གཙུག་ལག་ཁང་དབུ་འབྱེད་མཛད་སྒོ།
སློབ་དཔོན་བསོད་ནམས་བསྟན་འཕེལ་གྱིས་གནས་ཚུལ་བཏང་བའི་ནང་འཁོད་དོན། རྒྱ་གར་ཨ་རི་ན་ཅལ་བཀའ་སྡེའི་ཁོངས་གཏོགས། ཨོ་རྒྱན་སངས་རྒྱས་གཉིས་པ་གུ་རུ་པདྨ་སཾ་བྷ་ཝས་ཞབས་བཅགས་བྱིན་གྱིས་རླབས་ཤིང་སྦས་གནས་པདྨ་བཀོད་ཀྱི་ས་ཕྱོགས་པད་བཀང་ངམ། དེང་སང་ཀྲུ་ཀྲིང་ཞེས་འབོད་པའི་སར་མཁན་རིན་པོ་ཆེ་ཚེ་རིང་རྡོ་རྗེ་མཆོག་ནས་ཐུགས་འགན་ཆེ་བཞེས་ཀྱིས་བླ་ཆེན་ཁག་སོགས་ལ་སྔ་ཕྱི་བརྟག་བབ་དུ་མར་ཞུས་པར་བརྟེན། བསྟན་འགྲོར་ཕན་ངེས་ཀྱིས་ངེས་ཤེས་རྙེད་པའི་ཐོག རྟེན་འབྲེལ་གྱི་སྒོ་འཕར་རྨད་དུ་བྱུང་བ་ཕྱི་ལོ་ ༢༠༠༣ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་བས་ས་གཞི་བྱིན་གྱིས་བརླབས་ཤིང་དགོན་པའི་རྨང་རྡོ་དང་བྱང་ཆུབ་ལྗོན་ཤིང་འཛུགས་པར་མཛད།
༸གོང་ས་མཆོག་ནས་མ་འོངས་པ་འདིར་དཔལ་ཡུལ་པད་ནོར་རིན་པོ་ཆེའི་ཆོས་བརྒྱུད་ཀྱི་དགོན་སྡེ་ཞིག་འཛུགས་འཆར་འདུག་པ་དེ་ཧ་ཅང་ཡག་པོ་རེད། ཆོས་བརྒྱུད་གྲྭ་ཚང་གི་སྒྲིག་འཛུགས་དང་། མི་མང་ལ་ནང་ཆོས་ངོ་སྤྲོད་བྱེད་རྒྱུ་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད་ཅེས་དང་། དགོན་པའི་སྒོ་གཡས་གཡོན་ལ་རྒྱལ་ཆེན་སྡེ་བཞི་རྫིག་པོ་དེ་འདྲ་བྲིས་པས་ཕན་ཐོགས་ཡོད་ངེས་མི་ཤེས། སྲིད་པ་འཁོར་ལོ་དང་མཐུན་པ་སྤུན་བཞིའི་རི་མོ་བྲིས་ནས་མཆོད་མཇལ་ཡོང་མཁན་རྣམས་ལ་འགྲེལ་བཤད་བརྒྱབ་ན་ཕན་ཐོགས་ཡོང་ངེས་ཞེས་བཀའ་སློབ་ལམ་སྟོན་ཕེབས་པ་དང་། དེ་རྗེས་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་ཞབས་སོར་འཁོད་ནས་དགོན་པའི་ས་སློང་དང་ས་གཞིར་བྱིན་འབེབས་རྨང་རྡོ་འཛུག་པ་མཛད་ཅིང་སྔ་ཕྱིའི་བཀའ་སློབ་ལམ་སྟོན་དང་དགོན་པའི་མཚན་ལ་ངེས་གསང་མདོ་སྔགས་བྱང་ཆུབ་དར་རྒྱས་གླིང་ཞེས་མཚན་གནང་ཏེ། ཕྱི་ལོ་ ༢༠༠༤ ལོར་བོད་ཟླ་དྲུག་པའི་ཚེས་བཅུའི་ཉིན་གཙུག་ལག་ཁང་གི་རྨང་གཞི་བཏིང་ཐུབ་པ་དགོས་ལུགས་བཀའ་ཕེབས་གནང་།
དེ་ལྟར་མཁན་རིན་པོ་ཆེ་ཚེ་རིང་རྡོ་རྗེ་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་བཀའ་སློབ་ལམ་སྟོན་དང་བཀའ་དྲིན་སྙིང་བཅང་གིས་ས་གནས་ཡུལ་མི་དང་། ས་གནས་བོད་མི་བཅས་ལ་ཕན་ཆེད་གཙོ་བོར་དམིགས་ཏེ་ལས་འཆར་དངོས་སུ་འགོ་འཛུགས་ཀྱིས་ད་ཆ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལེགས་གྲུབ་ཟིན་ཏེ་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༦།༧།༨། ཉིན་གསུམ་རིང་མཛད་སྒོ་བསྐྱངས་བར། ཚེས་ ༦ ཉིན་དཔལ་ཡུལ་གདན་རབས་བཅུ་གཉིས་པ་༸སྐྱབས་རྗེ་རིན་པོ་ཆེ་མཆོག་གི་དབུས་པའི་མཁན་སྤྲུལ་རྣམས་དང། རང་གཞུང་གི་དཔལ་ལྡན་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་དང་། རྙིང་མ་སྤྱི་འཐུས་རྣམ་གཉིས། ཏི་ཛུ་དང་མེའོ་ས་གནས་འགོ་འཛིན་དང། གཞུང་ཞབས་ཁག་ཅིག ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་ཨ་ལོ་ལི་བྷང་མཆོག དེ་བཞིན་རྫོང་དཔོན་དང་ས་གནས་དཔོན་རིགས་ཁག དགེ་འདུན་པ་དང་། རྒྱལ་ཕྱི་ནང་གི་སློབ་ཚོགས་མི་མང་བཅས་དགྱེས་འཛོམས་ཀྱིས་བཀྲིས་པའི་ཚིགས་སུ་བཅད་པའི་ཞལ་འདོན་གསུངས་ཏེ་དར་ཚོན་གཅོད་བྲེག་གནང་། སྐུ་མགྲོན་ཁག་བཞུགས་གྲལ་དུ་འཁོད་པ་དང་དགོན་པའི་ལས་སྣེ་ཀརྨ་རྒྱལ་མཚན་ནས་མཛད་སྒོ་གཙོ་སྐྱོང་གནང་བས་སྐུ་མགྲོན་ཆེ་ཁག་ནས་བཀའ་སློབ་གསུང་བཤད་གནང་། དེ་མཚམས་དགོན་པར་འགོ་འཇུག་བར་གསུམ་ལས་འགན་ཁུར་མཁན་རྣམས་ལ་གསོལ་རས་གནང་བས་སྔ་དྲོའི་མཛད་རིམ་གྲུབ། ཕྱི་དྲོར་གླིང་བྲོ་བདེ་ཆེན་རོལ་མོ་གཙོས་པའི་གཞས་སྣ་ཁག་གཟིགས་འབུལ་གནང་།
ཚེས་ ༧ སྔ་དྲོར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་ཆེད་ཕེབས་ཀྱིས་གཙུག་ལག་ཁང་ཐོག་བརྩེགས་གཉིས་པའི་སྟེང་གཡས་ཕྱོགས་སུ་སྐུ་གསུང་ཐུགས་རྟེན་རྙིང་པ་ལོ་རྒྱུས་ཅན་དང་། རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་སྐུ་གདུང་། ན་བཟའ། རིང་བསྲེལ་བཅས་བཞུགས་པ་དང་། དབུས་སུ་ནང་བསྟན་གྱི་ལོ་རྒྱུས་ཤེས་ཤིང་དྭངས་བ་འདྲེན་པའི་སླད་དུ་མཆོད་རྟེན་གྱི་རྣམ་གྲངས་དང་། ཡིག་རིགས་འདྲ་མིན། སྐུ་རྟེན་ལ་ནང་པའི་རྒྱལ་ཁབ་མི་འདྲ་བར་ཇི་ལྟར་བཞེངས་ཚུལ། གཞན་ཡང་དངོས་རྫས་གསར་རྙིང་འདྲ་མིན་བཅས་རྒྱལ་སྤྱིའི་འགྲེམས་སྟོན་ཁང་དང་། གཡོན་ཕྱོགས་སུ་རྒྱལ་བའི་བཀའ་བསྟན་གྱིས་གཙོས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་ཕྱག་དཔེ་རིགས་དང་། རྒྱལ་ཁབ་གཞན་གྱིས་སྐད་ཡིག་ནང་ཡོད་པའི་ཕྱག་དཔེ་ཁག་བཞུགས་པའི་དཔེ་མཛོད་ཁང་བཅས་སྒོ་འབྱེད་བཀའ་དྲིན་བསྐྱངས་ཟིན་རྗེས་གཙུག་ལག་ཁང་དུ་སྣང་གསལ་ཞལ་ཕྱེ་དང་མཇལ་ཁ་ཞུས། དེ་རྗེས་དགོན་པའི་འཆམ་ར་ནང་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་དང་། རང་གཞུང་ཆོས་རིག་བཀའ་བློན་མཆོག མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་བཅས་སྐུ་མགྲོན་ཆེ་ཁག་དང་། མཁན་སྤྲུལ་དགེ་འདུན་པ། སྐུ་མགྲོན་རྣམས་པ། བོད་མི། ཡུལ་མི་བཅས་མི་མང་འདུ་འཛོམས་སར་བློན་ཆེན་མཆོག་དང་སྐུ་མགྲོན་ཆེ་ཁག་འགས་གསུང་བཤད་གནང་། དེ་རྗེས་ཀློ་བ་དང་། མོན་པ། བོད་རིགས་བཅས་ནས་གཞས་སྣ་ཁག་གཟིགས་འབུལ་ཞུས།
ཚེས་ ༨ ཉིན་སྔ་དྲོར་༸སྐྱབས་རྗེ་རིན་པོ་ཆེའི་ཞབས་བརྟན་ཚེ་སྒྲུབ་གནང་ཞིང་སྐུ་གླུད་བརྫངས་བ་དང་། ཕྱི་དྲོར་༸སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་སྐྱ་སེར་སྟོང་ཕྲག་བརྒལ་བ་ལ་གཏེར་སྟོན་མི་འགྱུར་རྡོ་རྗེའི་གཏེར་ཆོས་འོད་དཔག་མེད་ཀྱི་བཀའ་དབང་བསྩལ་གནང་གིས་མཛད་སྒོ་ཐོག་མཐའ་བར་གསུམ་ལེགས་གྲུབ་བྱུང་བ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།།